国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མ་བཅོས་རང་སྣང་གི་གླུ།

བྲག་ཤེལ་དཀར་གྱི་རྩེ་མོ་དགུང་ལ་ཟུག་པའི།།

གནམ་ཨ་སྔོན་ཀྱི་སྤྲིན་པའི་གར་སྟབས་ཀློང་ནས།།

འབྲུག་ཕོ་ཆུང་གི་སྐད་སྙན་ལྷང་ལྷང་གྲག་ཚེ།།

དབྱར་སྦྲང་ཆུང་གི་སེམས་ངལ་རི་ལ་སིམ་ཡོད།།

ཞེ་འདང་བརྩེ་ཡི་རྨི་ལམ་འཕྲོ་མར་ལུས་པའི།།

ངག་འགྱུར་ཁུག་གི་དགའ་སྐྱོའི་སེམས་གཞས་སྐྱ་བོ།།

སྙིང་དམར་ཆུང་གི་འདབ་མར་ལྷག་མེད་སིམ་ན།།

གཤིས་མི་རྟག་གི་རང་མདངས་སེམས་ལ་འཁྱིལ་ཡོང་།།

གཞོན་དར་ཐོག་གི་སྣང་བ་སྤྲིན་དཀར་ཕྱུག་མོ།།

དགུང་ཨ་སྔོན་ཀྱི་དབྱིངས་རུམ་དཀྲིགས་ནས་ཕེབས་ཀྱང་།།

ནང་སེམས་ཉིད་ཀྱི་གཤོག་པའི་མཁའ་ལམ་མ་ཆོད།།

དོན་རང་སྣང་གི་བདེན་པ་ངག་ལ་འཁྱིལ་བྱུང་།།

ཚེ་འདི་སྣང་གི་བཅོས་མའི་ངོ་གདོང་དོར་བའི།།

གཤིས་མི་རྟག་གི་བརྗོད་པ་དོན་ལ་གྲུབ་པའི།།

སྔོན་མཁས་གྲུབ་ཀྱི་བཞུད་ལམ་སྙིང་ལ་འཁྱིལ་ན།།

སེམས་རེ་དོགས་ཀྱི་སྨུག་པ་གཞི་ནས་ལོས་དྭངས།།

གཤིས་དགའ་སྡུག་གི་ཆུ་མོ་བྲུག་པའི་གནོད་རྐྱེན།།

སེམས་ནང་འཁོར་གྱི་རིག་པ་ཁོ་ནས་སེལ་བ།།

དོན་རང་སྣང་ལ་ལྷོད་ཀྱིས་འབབ་པ་བྱུང་ན།།

གནད་གོ་རིགས་ཀྱི་བདེན་པ་སྙིང་ལ་འབབ་ཡོང་།།

གཞོན་མེ་ཏོག་གི་ཟུར་མིག་འདོད་གདུང་རྩེད་དགའ།།

རྒྱུད་ཤེས་རབ་ཀྱིས་བརྟག་པའི་ལས་ལ་མ་ཞུགས།།

ནང་ཚོར་བ་ཡི་ཨ་ལོང་གཅིག་ལ་བསྒྲིལ་ན།།

ཁ་ཐར་འདོད་ཀྱི་རི་མོ་འཇའ་གཟུགས་འདྲ་ལེ།།

རྒྱུ་དབང་ཐང་གི་དྲེགས་པ་སྙིང་ལ་འདྲིས་པའི།།

རང་དམན་ས་རུ་འཛིན་པའི་ཞེ་བློ་གཏིང་བྲལ།།

གདོན་དུག་གསུམ་གྱིས་བྲོ་གར་ནང་ནས་འཁྲབ་ན།།

བྱམས་སྙིང་རྗེ་ཡི་སེམས་ཁམས་ཇི་ལྟར་བསྐྲུན་ནམ།།

བློ་ཤེས་རབ་ཀྱི་མདུང་སོས་ཇི་ལྟར་སློག་ན།།

ནང་མ་རིག་པའི་རྐྱེན་གདོན་དེ་ལྟར་ཤེས་ཀྱང་།།

དོན་ལག་ལེན་ཀྱི་རེ་བ་རུ་མ་བསམ་ན།།

ཡིད་སྐྱོ་སྡུག་གི་སྨུག་པ་སྙིང་ལ་འཐིབ་ཡོང་།།

ཕྱི་འབྱོར་ཕྱུག་གི་མེ་ཏོག་མཛེས་སྡུག་མཐོང་ཚེ།།

སྙིང་འདོད་སྲེད་ཀྱི་སྦྲང་ཆུང་གར་སྟབས་སྒྱུར་བ།།

གཤིས་མི་རྟག་གི་སྒྱུ་མའི་ལྟད་མོ་རེད་བསམ།།

སེམས་བསམ་པ་འདི་མི་ཚེའི་དཔལ་དུ་སྨིན་ཤོག།

མར་གཙང་ཆབ་ཀྱི་རླབས་དཀར་ཆུ་ཡི་ཟེགས་མ།།

སྟོད་གངས་དཀར་གྱི་ཕྱིང་དཀར་དབུ་ཞྭ་དཀར་ཆུང་།།

སེམས་དྭངས་གཙང་གི་ངོ་མཚར་དཔེ་ལ་བཀོད་ནས།།

གཤིས་རྣམ་དཔྱོད་ཀྱི་རྣོ་སོ་དྲུང་ནས་འབྱིན་ཤོག།

༼ སྣང་བ་རང་གྲོལ། ༽