མཐོ་མཐོ་ལྷུན་པོ་དབུ་རྩེ་སྤྲིན་ལ་འདྲེས།།
ལྷུང་ལྷུང་གཙང་ཆུ་སྔོན་མོ་དལ་གྱིས་རྒྱུ།།
མཛེས་མཛེས་རང་བྱུང་དཔལ་དུ་བཞད་པ་ཅན།།
དུང་དུང་ཡིད་ཀྱིས་ཕ་ས་གངས་ལྗོངས་དྲན།།
འཚུབ་འཚུབ་སྨུག་པ་རྫ་རིའི་རྩེ་རུ་འཁྱུད།།
སྔོ་སྔོ་དབྱིངས་ཀྱི་གསེབ་ནས་ཉི་ཟླ་འཛུམ།།
བསིལ་བསིལ་རླུང་གི་གཤོག་སྒྲ་གཡོ་བ་ཡི།།
སྙོམས་སྙོམས་དྲོ་གྲང་རན་པའི་ཕ་ས་དྲན།།
བྲེལ་བྲེལ་འཚུབ་འཚུབ་གྲོང་ཁྱེར་ལྟ་བུ་མིན།།
དལ་དལ་ལྷོད་ལྷོད་འཚོ་བ་རོལ་སྲོལ་ཡག།
བདེ་བདེ་སྐྱིད་སྐྱིད་འཚོ་སའི་རང་ཡུལ་ལམ།།
བརྗིད་བརྗིད་སྙན་པ་འབར་བའི་ཕ་ཡུལ་དྲན།
ཡང་ཡང་རྙེད་པར་དཀའ་བའི་མི་ལུས་འདི།།
ཡང་ཡང་ཐོན་པ་མེད་པའི་མི་ཡུལ་འདི།།
ཡང་ཡང་བསམས་ནས་དོན་སྒོ་ཆེ་མཐོང་ནས།།
ཡང་ཡང་ཕ་མ་ཡོད་སའི་གནས་མཆོག་དྲན།།
ཟབ་ཟབ་རིག་གཞུང་ནོར་བུའི་རྒྱ་མཚོ་ཆེ།།
མཚར་མཚར་ལོ་རྒྱུའི་རིང་མོའི་རྒྱུན་ཐག་རིང་།།
ཡོད་ཡོད་ཤེས་བྱའི་མཛོད་དུ་གང་མཁོ་མཆིས།།
མེད་མེད་གཞན་ལ་མེད་པའི་ནོམ་པ་དྲན།།
ལེགས་ལེགས་མེ་ཏོག་སྣ་བརྒྱའི་ལང་ཚོ་རྒྱས།།
ཟིམ་ཟིམ་སྤྲིན་ཆར་ས་རུ་ལྷོད་ཀྱིས་འབབ།།
ལྷུག་ལྷུག་རྩི་ཤིང་ཁོ་ལག་སྒེག་ཉམས་ཀྱིས།།
ལྗང་ལྗང་གཡུ་ལོ་རྒྱས་པའི་ཕ་ས་དྲན།།
དབྱར་དབྱར་མཛེས་བཀོད་རི་མོ་བཀྲ་བར་འདྲ།།
དགུན་དགུན་མཐོ་རིས་ལྷ་ཡི་ཞིང་དང་མཚུངས།།
སྟོན་སྟོན་བདེ་ལྡན་ཞིང་གི་སྨོན་ཡུལ་དེ།།
དཔྱིད་དཔྱིད་ཤར་བའི་ཐོག་མར་ཤིན་ཏུ་དྲན།།
༼ གངས་ཆབ་ལྷ་སྲས། ༽
