国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱོད་ཀྱི་གླུ་སྐད།

ཁྱོད་ཀྱི་གླུ་སྐད་་་་་་

དབྱངས་ཅན་མའི་པི་ཝང་གི་རྒྱུད་སྐུད་ལས་འཕྲོས་ཏེ་་་་་་་

བདག་གི་ཡིད་དུ་ལྷུང་།

སྙན་ཞིང་འཇེབས་པ།

ཆེས་ཐོག་མའི་བརྩེ་འདང་མངར་མོ་དེ་ཡང་བསྐྱར་བསླངས།

མྱ་ངན་གྱི་རླབས་སྒྲ་དང་།

སྐྱོ་གདུང་གི་ཟེགས་མ་ཡང་འཐོར།

འཚོ་བའི་རྒྱ་མཚོ་རུ་ཁྱེད་ཀྱི་གླུ་སྐད་འཁྲུངས་པ་ནས་བཟུང་།

ངའི་སེམས་ཀྱི་སྐྱེད་ཚལ་ལ་དགའ་སྤྲོའི་མེ་ཏོག་འབུས།

ངའི་ཚོར་བའི་གཤིས་ཀ་ལ་དྭངས་གསལ་གྱི་ཟླ་བས་བརྒྱན།

ཁྱོད་ཀྱི་གླུ་སྐད་་་་་་་་་་་

ཁུ་བྱུག་གི་གདངས་དབྱངས་ལས་འཕྲོས་ཏེ་་་་་་་་

བདག་གི་ཡིད་དུ་ལྷུང་།

དབྱར་གཞུང་གི་གཙང་པོའི་བཞུར་སྒྲ་བཞིན།

སྨྲ་མི་ཤེས་པའི་ཚོར་བའི་སྤང་ཐང་ལ་འཐིམ།

དགའ་སྤྲོ་དང་བརྩེ་བའི་འཇའ་ཚོན་བཀྲ་བར་བྱས།

མི་ཚེའི་ཆུ་རྒྱུན་དུ་ཁྱེད་ཀྱི་དབྱངས་རྟ་གྲགས་པ་ནས་བཟུང་།

ངའི་ཕུགས་འདུན་གྱི་ལམ་ཁ་ལ་རེ་བའི་འོད་སྣང་བསྩལ།

རེ་སྨོན་གྱི་མྱུ་གུ་ལ་གསོན་སྟོབས་ཀྱི་ཆར་ཆུ་གནང་།

ཁྱོད་ཀྱི་གླུ་སྐད་་་་་་་

དྲི་ཟའི་རྒྱུད་མངས་ལས་འཕྲོས་ཏེ་་་་་་་་་

བདག་ཡིད་དུ་ལྷུང་།

གདངས་དབྱངས་ལ་འཐིམ་པའི་མེས་པོའི་དབྱངས་རྟ་བཞིན།

ཚོར་བའི་རུས་རྐང་དང་འདྲེས།

ངའི་སྙན་ངག་གི་རི་རྩེར་ཁྱེད་ཀྱི་གླུ་སྐད་འཁྲུངས་པ་ནས་བཟུང་།

ངའི་ངག་གི་ཕོ་བྲང་ལ་མེ་ཏོག་གི་འཇའ་ཚོན་འཁྱུག

ཚོར་བའི་དབྱངས་རྟ་ལ་མེས་པོའི་ཟུངས་ཁྲག་འདྲེས།

རེ་བའི་འོད་སྣང་ལ་རྒྱུ་སྐར་གྱི་ཕྲ་ཚོམས་འཁོར།

ཁྱོད་ཀྱི་གླུ་སྐད་་་་་་་་་་་

༼ བདེན་མྱིག། ༽