国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དེང་རབས་ཀྱི་གྲོང་ཁྱེར་ཧྲང་ཧའེ་ ཡི་མཐོང་ཐོས།

དེང་རབས་སྒེག་ཉམས་ཀྱིས་ཕྱུག་ལ་ལོ་སྟོང་གི་ལོ་རྒྱུས་ལྡན་པའི་གྲོང་ཁྱེར་ཧྲང་ཧའེ་འདི་ནི་བདག་གིས་ཡིད་སྨོན་བྱེད་སའི་ས་ཆ་ཞིག་ཡིན། ཆུང་བྱིས་པའི་དུས་སུ་བརྙན་འཕྲིན་ནང་ནས་གྲོང་ཁྱེར་འདིའི་རྣམ་པ་རང་གི་འདྲེན་བྱེད་ཀྱི་ལམ་དུ་དྲངས་པའི་ཉིན་ནས་བཟུང་། ངའི་བསམ་ཡུལ་ལ་གྲོང་ཁྱེར་འདི་ནི་རང་ཉིད་སྐྱོད་ཡུལ་གྱི་གནས་མཆོག་ཅིག་ཏུ་གྱུར། སྟབས་ལེགས་པ་ཞིག་ལ་ད་ལོར་རང་ཉིད་ཐེངས་དང་པོར་གནམ་གྲུར་བསྡད་ནས་ཧྲང་ཧའེ་ལ་སྐྱོད་པའི་གོ་སྐབས་བཟང་པོ་ཞིག་རྙེད། ཁྲེང་ཏུའུ་ནས་ཧྲང་ཧའེ་བར་སྤྱི་ལེ1800ལྷག་རྒྱང་བའི་མཁའ་ལམ་ཆུ་ཚོད་གཉིས་ཡས་མས་བརྒྱུད་ནས་ཧྲང་ཧའེ་ཕུའུ་ཏུང་གནམ་གྲུ་ཐང་དུ་ག་ལེར་བབས་པའི་སྐབས་སུ། ཉིན་མོའི་མགོན་པོ་སྔར་ནས་ནུབ་རིའི་རྒྱབ་ཏུ་ཡིབས་ནའང་། འབྱམས་ཤིང་ཀླས་ལ་སྐར་ཚོགས་ས་ལ་ལྷུང་འདྲའི་གྲོང་ཁྱེར་འདི་ཉིད་ང་རང་གི་མིག་ལམ་དུ་ཤར་བྱུང་། གནམ་གྲུ་ཐང་ནས་གྲོང་ཁྱེར་ལྟེ་གནས་བར་ལམ་ཐག་ཅུང་རིང་བས། ང་ཚོ་ལས་རོགས་ཁ་ཤས་དང་མཉམ་དུ་རླངས་འཁོར་དུ་བསྡད་ནས་གྲོང་ཁྱེར་ལྟེ་གནས་སུ་འགྲོ་སྐབས་གཞུང་ལམ་གཡས་གཡོན་གྱི་སྡོད་ཁང་དང་གློག་སྒྲོན་སོགས་ཀྱིས་ཀྲུང་གོ་རྒྱལ་ཁབ་ལ་འདི་འདྲ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཞིག་ཡིན་ཚུལ་དེ་རང་ཤུགས་ཀྱིས་ཁམས་པའི་མཐོ་སྒང་ནས་འོངས་པའི་བུ་མོ་ང་ལ་ལྷུག་བརྗོད་བྱེད་པ་དང་འདྲ། དེང་རབས་ཀྱི་ཧྲང་ཧའེ་ནི་བརྗིད་ཆགས་མཛེས་སྡུག་ལྡན་ལ། དཔལ་འབྱོར་དར་རྒྱས་གོང་འཕེལ་འགྲོ་བཞིན་པའི་གྲོང་ཁྱེར་ཞིག་རེད། ཕྱི་ཉིན་སྔ་དྲོར་ཡར་ལངས་ནས་མགྲོན་ཁང་གི་སྒེའུ་ཁུང་བརྒྱུད་ནས་ཕྱིར་ལྟད་མོ་ལྟ་སྐབས།གཅིག་ལས་གཅིག་མཐོ་བའི་ཐོག་བརྩེགས་ཁང་ཆེན་མུ་མཐའ་གྲངས་ལས་འདས་ཤིང་། ཨ་སྔོན་དབྱིངས་སུ་ཟུག་པའི་ཚོར་སྣང་སྟེར། མཐོན་པོའི་ཁང་ཆེན་ནམ་མཁའི་ཀ་བ་དང་འདྲ། འོན་ཀྱང་མི་རྣམས་ཀྱིས་ལྟ་འདོད་ཆེས་ཆེ་བ་ནི་སྐད་གྲགས་ཆེ་བའི་གླིང་ཆེན་ཨེ་ཤེ་ཡ་ར་ཨང་དང་པོ་དང་འཛམ་གླིང་དུ་ཨང་གསུམ་པར་བརྩིས་པའི་ཤར་ཕྱོགས་མུ་ཏིག་མཆོད་རྟེན་དེ་ཡིན། ཡུལ་སྐོར་སྣེ་ཤན་པས་ངོ་སྤྲོད་བྱས་པར་ལྟར་ན། ཤར་ཕྱོགས་མུ་ཏིག་བརྙན་འཕྲིན་མཆོད་རྟེན་དེ1993ལོར་བཞེངས་ཟིན་པ་དང་། མཐོ་ཚད་སྨི468ལ་ཟིན། ཆེ་ཆུང་མི་འདྲ་བ་ལྒང་གཟུགས་བཅོ་ལྔ་ལས་གྲུབ་ཅིང་། ཤར་ཕྱོགས་མུ་ཏིག་གི་མདུན་ཕྱོགས་ནས་བལྟས་ན་ཤར་ཕྱོགས་མུ་ཏིག་ཟེར་བའི་གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་ཡི་གེ་ཆེན་པོ་བཞི་ཉི་མའི་འོག་ལ་དེ་ལས་བཀྲ། ཐག་རིང་ནས་བལྟས་ན་ཡང་མི་རྣམས་ལ་ཡིད་དབང་འཕྲོག་ཐུབ། ཤར་ཕྱོགས་མུ་ཏིག་དེར་ཀྲུང་གོ་མི་དམངས་ཀྱི་ཤེས་རབ་ཀྱི་ཞུན་ཐིགས་འདུས་པ་རེད། ཀྲུང་གོ་འདི་འདྲ་ཡངས་ཤིང་རྒྱ་ཆེ་བ་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བཞིན་པར་རང་ཉིད་ལ་དགའ་སྤྲོ་དཔག་མེད་རྒྱས། ཧྲང་ཧའེ་ནི་འདུ་འཛི་ཆེ་བའི་བཟོ་ལས་ཀྱི་གྲོང་ཁྱེར་ཆེན་མོ་ཡིན་ཞིང་། ཉིན་མོར་བརྗིད་ཆགས་མཛེས་སྡུག་ལྡན་པར་མ་ཟད། མཚན་མོར་སླེབས་དུས། ཐོག་བརྩེགས་ཁང་ཆེན་ཐོག་གི་སྒྲོན་མེ་གཅིག་རྗེས་གཉིས་མཐུད་ཀྱིས་འོད་འཕྲོས་ནས་སྐར་ཚོགས་ས་ལ་བབས་པ་དང་ཀུན་ནས་མཚུངས། གཞུང་ལམ་ཐོག་གི་ལམ་སྒྲོན་དང་རླངས་འཁོར་གྱི་གློག་ཞུ་ལས་འོད་འཕྲོ་མ་ཐག་རྣམ་པ་སྣ་ཚོགས་ཀྱི་སྒྲོན་མེ་གསལ་ཐིང་ཐིང་ཞིག་མིག་ལམ་དུ་མངོན་པ་ནི་ནམ་མཁར་འཇའ་ཚོན་ཤར་བའི་རིགས་སུ་མཐུན། ཡིད་དབང་འཕྲོག་པའི་ཧྲང་ཧའེ་ནི་ཡུལ་སྐོར་བ་ཚོའི་སེམས་གཞུང་ནས་མི་ཚེ་གཅིག་ལ་བརྗེད་པར་དཀའ་བའི་ས་ཆ་སྐྱིད་པོ་ཞིག་རེད།། ༼ བདེ་ཆེན། ༽