国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འབད་འཐབ་དེ་ལམ་དུ་བྱས་ནས་འགན་འཁྲི་ཁུར།། དངོས་སྒྲུབ་ཀྱིས་དྲིས་ལན་བཏབ་སྟེ་འབྱུང་འགྱུར་ཕྱོགས།།

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ ཐེངས་ལྔ་པ་རྣམ་པར་རྒྱལ་བའི་ངང་གྲོལ་བར་རྟེན་འབྲེལ་ཞུ།

ཕྱ་བ་གྲུ་འདེགས་འཆར་རིས་བརྗིད་ཆེན་འབྲི།། སེམས་པ་གཅིག་མཐུན་བྱ་གཞག་རླབས་ཆེན་གཏོད།། སྲིད་གྲོས་ཨུ་ཡོན་རྒྱ་ཆེན་དང་ཚོགས་ཞུགས་བློ་མཐུན་ཡོངས་ཀྱི་འབད་བརྩོན་འོག། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད། ཐེངས་འདིའི་གྲོས་ཚོགས་ནི། དོན་གཉེར་ཆོད་ཆེ་དང་གསར་འབྱེད་ཧུར་བརྩོན་གྱི་ཚོགས་ཆེན་ཞིག་ཡིན་ལ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་ཟབ་ཀྱི་ཚོགས་ཆེན། དམ་པ་དོན་གཉེར་དང་ངར་སློང་སྤྲོ་སྐྱེད་ཀྱི་ཚོགས་ཆེན་ཞིག་ཀྱང་ཡིན། ང་ཚོས་ཚོགས་ཞུགས་ཨུ་ཡོན་ཡོངས་ལ་གུས་འདུད་བླ་ན་མེད་པ་ཞུ་བ་དང་འབྲེལ་ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་ལམ་ལྷོང་བྱུང་བར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་བ་ཡིན།

དམངས་གཙོ་ཡིས་བློ་རིག་བསགས།། མཐུན་སྒྲིལ་གྱིས་སྟོབས་ཤུགས་བསྡུས།། ཚོགས་འདུ་འཚོག་རིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཧྥུང་ཧྥ་ཀུའེ་སོགས་ཁུལ་མགོ་ཁྲིད་ཀྱིས་ཚོགས་ཞུགས་རིགས་ཁོངས་ཁག་གི་ཨུ་ཡོན་ལ་འཚམས་འདྲི་གནང་བ་དང་། ཚོགས་འདུར་ཞུགས་པ་དང་འབྲེལ་ཚོ་ཆུང་གྲོས་བསྡུར་དང་མཉམ་འབྲེལ་ཚོ་ཆུང་གྲོས་བསྡུར་ནང་དུ་ཞུགས་ནས། ཨུ་ཡོན་ཚོ་དང་མཛའ་བརྩེའི་ངང་སྤེལ་རེས་དང་སྦྲགས་བསམ་འཆར་དང་གྲོས་འགོ་ལ་ནན་ཏན་གྱིས་ཉན་འཇོག་གནང་བ་རེད། ཚོགས་ཞུགས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་སྤྲོ་སྣང་ཆེན་པོ་དང་འགན་ཁུར་འགན་སྒྲུབ་ཀྱི་འདུ་ཤེས་དྲག་པོས་ཁུལ་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སེང་དང་གྲོས་གཞི་ལས་དོན་གནས་ཚུལ་གྱི་སྙན་སེང་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པར་མ་ཟད། ཁུལ་སྲིད་གཞུང་གི་ལས་དོན་སྙན་སེང་དང་སྙན་སེང་གཞན་དག་ལ་ཡང་ཉན་འཇོག་དང་འབྲེལ་གྲོས་ཞིབ་བྱས་ཡོད། འཕེལ་རྒྱས་ལ་སེམས་ཁུར་གྱི་ཇུས་འབུལ་རེ་རེ་དང་བློ་རིག་གི་ཉིང་བཅུད་འཛོམས་པའི་གྲོས་གཞི་རེ་རེ། དམངས་ཀྱི་འདོད་བློར་བསྡུས་པའི་ཇུས་བཟང་རེ་རེ་བཅས་ལས་སྲིད་གྲོས་ཨུ་ཡོན་ཚོས་ལྷག་བསམ་རྣམ་དག་གིས་ཐབས་འདོན་ཇུས་འདོན་དོན་ལ་གནས་པ་ཕུལ་ཡོད་པ་བདེན་དཔང་བྱས་ཐུབ་ཅིང་། སྲིད་གྲོས་ཨུ་ཡོན་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་ལས་འགན་ཁུར་བའི་བསམ་ཕྱོགས་རེ་སྙེག་མཚོན་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་སྲིད་གྲོས་ལག་ལེན་གྱི་གསོན་ཉམས་དང་གསོན་ཤུགས་ཀྱང་གང་ལེགས་མངོན་ཡོད།

ལོ་ཟླའི་འཁོར་རྒྱུན་ཆེ།། གོམ་སྟབས་སྲ་ཞིང་བརྟན། འདས་མ་ཐག་པའི2025ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མཇུག་འགྲིལ་བའི་ལོ་ཡིན་ལ། དཀར་མཛེས་ཁུལ་གྱིས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་ཡོང་བར་གཅིག་གྱུར་འཆར་འགོད་བྱས་པའི་ལོ་གནད་འགག་ཅིག་ཀྱང་ཡིན། ལོ་གཅིག་རིང་ལ། ཁུལ་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་གི་སྲིད་ཆེན་བྱེད་ཕྱོགས་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་དོན་ལ་ནན་ཏིག་འཁྱོལ་བ། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་དགུ་པ། བཅུ་པ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལྟར། ལས་འགན་གཙོ་བོར་གཞིགས་ནས་ཐབས་འབུལ་ཡང་དག་ཕུལ་ཞིང་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་ཇུས་བཟང་བཏོན་པ། དམངས་འཚོའི་སེམས་ཁུར་ལ་དམིགས་ནས་བྱེད་ཐབས་མཆོག་བཏོན་ཏེ། བསམ་འཆར་དང་གྲོས་འགོ་ཁག་གཅིག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་དང་དམངས་འཚོའི་སྤུས་ཀ་བཟང་བ། བཅོས་སྐྱོང་ཕན་འབྲས་ཆེ་བ། བདེ་འཇགས་ཀྱི་ཆུ་ཚད་མཐོ་བར་སྐུལ་བའི་བྱེད་ཐབས་ཞིབ་ཕྲ་དང་ཕན་འབྲས་དངོས་ལ་བསྒྱུར་ཏེ། སྲིད་གྲོས་ཀྱི་གྲུབ་འབྲས་གསལ་ཐོ་ལྗིད་ཏིག་ཏིག་ཅིག་སྤྲད་ཡོད།

རྒྱང་སྐྱོད་ལམ་ཐག་རིང་ཞིང་ཡངས།། འབད་པས་ཧུར་སྐྱོད་དུས་ལ་ཁེལ།། 2026ལོ་ནི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་འཛུགས་པའི་ལོ་ཡིན་ཞིང་། ད་ལོའི་ལས་དོན་ཡག་པོ་བསྒྲུབ་པར་དོན་སྙིང་ཆེ་ལ་འགན་འཁྲི་ཡང་ཆེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་ནི་རང་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་དུས་རིམ་གནད་འགག་ཡིན། དུས་རིམ་འདིའི་ནང་དུ། རང་ཁུལ་གྱིས་བོད་བརྟན་ཁམས་བདེའི་འཐབ་ཇུས་གནད་ས་སྲ་བརྟན་ཡོང་བའི་ཁྲོད་གནད་འགག་གི་འདེགས་སྐྱོར་ནུས་པ་འདོན་དགོས་ལ། མ་གདན་སྲབ་པ་དང་རྨང་གཞི་ཞན་པ། འཕེལ་རྒྱས་དོ་མི་སྙོམས་ཤིང་དར་རྒྱས་ཞན་པ་སོགས་ཀྱི་མི་འདང་ས་གསབ་ཤུགས་ཆེ་རུ་བཏང་ནས། སྔར་ལྷག་གིས་འཕེལ་རྒྱས་གཏོང་སྟངས་ལེགས་སྒྱུར་དང་འཕེལ་རྒྱས་བྱེད་ནུས་ཇེ་ཆེར། འཕེལ་རྒྱས་སྤུས་འབྲས་ཇེ་ཡག་ཏུ་གཏང་དགོས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་ལངས་ནས། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་འབད་པས་སྐྱོད་པའི་ཚེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཐུན་སྒྲིལ་བློ་ཁ་གཅིག་མཐུན་དང་འབད་འབུངས་ཧུར་བརྩོན། ཞུན་བརྡར་མདུན་སྐྱོད་བཅས་བྱ་དགོས། ཁུལ་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་རིམ་ཁག་དང་སྲིད་གྲོས་ཨུ་ཡོན་རྒྱ་ཆེན་གྱིས་འགན་འཁྲི་འཁུར་བ་དང་དམིགས་འབེན་ལ་དམིགས་པ། ལས་འགན་ཕྲག་ཏུ་ཁུར་བ། རང་རྟོགས་ངང་སྤྱི་ཡོངས་སུ་ཞུགས་པ་དང་། མ་སྐུལ་དང་ལེན་གྱིས་སྤྱི་ཡོངས་སུ་ཞུགས་པ། ཤུགས་ཡོད་རྒུས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་ཞིང་། ཤེས་ལྡན་མི་སྣ་གཅིག་ཏུ་འཛོམས་པ་དང་བློ་རིག་ཀུན་འདུས་ཀྱི་ཁྱད་ཡོན་འདོན་སྤེལ་གང་ལེགས་བྱེད་ཅིང་། ཐབས་ཇུས་ཧུར་ཐག་ཕུལ་ནས་སྲིད་ལ་ཕན་པ་དང་དམངས་གཙོ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་བར་བྱས་རྗེས་སྔར་བས་ཆེ་བ་གཞག་དགོས་སོ།།

འབད་འཐབ་བྱས་ནས་དུས་བཟང་ཆུད་མི་གཟོན།། དངོས་སྒྲུབ་བྱས་ནས་འབྱུང་འགྱུར་འབྲས་བཟང་བླང་།། ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པར་ཁུལ་ཡོངས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཀ་བཞི་གདུང་བརྒྱད་བཀོད་ཅིང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ལས་འགན་ཡི་གེ་དང་དུས་ཚོད་རེའུ་མིག། ལས་སྒྲུབ་ལམ་རིས་བཅས་ཁ་གསལ་བཟོས་ཡོད། འགན་འཁྲི་གསར་པ་འཁུར་བ་དང་ལེའུ་གསར་པ་བྲི་བར་སྲིད་གྲོས་ཨུ་ཡོན་ཚོར་འགན་ཆེན་ཕྲག་ཏུ་བབས་ལ་བྱས་རྗེས་འཇོན་ཐང་ངོམ་ས་ཆེན་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་ཅིང་། འགོ་འཛུགས་པ་ནི་མཇུག་འགྲན་ཡིན་པ་དང་གོམ་པ་སྤོ་མ་ཐག་རྟིང་མཆོང་ཡིན་པའི་ཉམས་འགྱུར་ཐོག་ནས། ལས་སྒྲུབ་ཀྱི་སྟོབས་འདང་ངེས་བསྡུས་པ་དང་། འབད་འཐབ་ཀྱི་ཤུགས་འདང་ངེས་བསགས་ཤིང་། བཤད་ཚར་རྗེས་སྒྲུབ་པ་དང་ཐག་བཅད་རྗེས་སྒྲུབ་པ། བསྒྲུབ་ན་ཡག་པོ་སྒྲུབ་པ་བཅས་ཀྱི་བླང་བྱ་ལྟར། བློ་གཅིག་སེམས་གཅིག་དང་ཐབས་ཤུགས་མཉམ་འདོན། འགན་འཁྲི་ལེགས་སྒྲུབ། གཉེར་མཁས་སྒྲུབ་མཁས་བཅས་བྱེད་ཅིང་། དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་མགྱོགས་མྱུར་ཞུགས་ཏེ། རང་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པར་སྲིད་གྲོས་ཀྱི་དྲིས་ལན་ཡི་རང་བ་ཞིག་འབུལ་དགོས་སོ།།

( སྐལ་ཐུབ་ཀྱིས་བསྒྱུར།)