国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བསམ་ཤུགས་གཅིག་ཏུ་བསྒྲིལ་ནས་རྒྱང་ལམ་གསར་པ་འབྱེད།། དངོས་སྒྲུབ་དོན་ལ་གནས་པ་བྱས་ཏེ་རྣམ་གསར་གཏོད།།

སྤྲོ་སེམས་ཆེན་པོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་རྣམ་པར་རྒྱལ་བའི་ངང་གྲོལ་བར་རྟེན་འབྲེལ་ཞུ།

ཆེད་བརྗོད།

ཐུན་མོང་ངོས་འཛིན་གཅིག་བསྡུས་ཧུར་སྐྱོད་སྟོབས་ཤུགས་ཆེ།། མི་བརྒྱ་སེམས་གཅིག་འཕེལ་རྒྱས་ལེའུ་གསར་པ་རྩོམ།། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཆེན་པོ་དང་དོ་ཁུར་ཆེན་པོའི་འོག། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད། ཐེངས་འདི་ནི་བསམ་བརྒྱ་ཕྱོགས་བསྡུས་དང་ཇུས་ཆེན་མཉམ་གྲོས་ཀྱི་ཚོགས་ཆེན་ཞིག་ཡིན་ལ། བསམ་ཤུགས་གཅིག་སྒྲིལ་དང་ཤུལ་འཛིན་གསར་གཏོད་ཀྱི་རྒྱས་ཚོགས་ཤིག་ཀྱང་ཡིན། ཚོགས་འདུའི་རིང་ལ། ཚོགས་ཞུགས་འཐུས་མི་ཚོས་ཆབ་སྲིད་ཀྱི་དགའ་ཞེན་དང་འགན་འཁྲི་ཁུར་ཤུགས་ཆེན་པོས་སྙན་སེང་ལ་གྲོས་ཞིབ་ནན་ཏིག་དང་། ཐབས་འབུལ་ཇུས་འབུལ་ཧུར་ཐག། ཁྲིམས་ལྟར་དབང་ཆ་སྤྱད་དེ། མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་གསོན་ཤུགས་དང་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ཁྱད་འཕགས་ཁྱད་ཡོན་གང་ལེགས་བསྟན་ཡོད། ང་ཚོས་ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་གྲོལ་བར་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།

ཐེངས་འདིའི་ཚོགས་ཆེན་ནི་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འགོ་ཡག་པོ་འཛུགས་པར་སྐུལ་བའི་གནད་ཐུག་སར་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། གྲོས་ཚོགས་སུ་སྲིད་གཞུང་ལས་དོན་སྙན་སེང་དང་དེ་མིན་གྱི་སྙན་སེང་གལ་ཆེན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་ལ་གྲོས་ཞིབ་བྱས་ནས་ཆོག་མཆན་སྤྲད་ཅིང་། དཀར་མཛེས་ཁུལ་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་རིམ་དུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གྲུབ་འབྲས་གསར་པ་མངོན་གསལ་དོད་པོ་ཐོབ་པ་ལ་ཚད་དཔོག་ཚད་མཐོན་པོ་བྱས་ཡོད། གྲོས་ཚོགས་སུ་གྲུབ་འབྲས་ཕྱོགས་བསྡོམས་དངོས་ཐོག་བདེན་འཚོལ་ཡིན་ཞིང་། དུས་བབ་དབྱེ་ཞིབ་ཁ་གསལ་ཟབ་ཞིབ་ཡིན་པ། ལས་དོན་བཀོད་སྒྲིག་གནད་སྨིན་དོན་ལ་གནས་པ་ཡིན། ལྷག་པར་འཆར་འགོད་རྩ་གནད་དུ་དུས་རབས་ཀྱི་གནས་བབ་ལ་དམ་པོར་དམིགས་ཤིང་འཕེལ་ཁ་དར་ཕྱོགས་དང་བསྟུན་ཅིང་། མི་དམངས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཀྱི་སྒོ་ནས་དཀར་མཛེས་ཁུལ་འབྱུང་འགྱུར་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་རིམ་གྱི་འཕེལ་རྒྱས་ལ་ཁ་ཕྱོགས་བསྟན་ཡོད་ཅིང་འགྲོ་ལམ་འཆར་འགོད་བྱས་ཡོད་པས། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་ཧུར་སྐྱོད་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་བར་སྐུལ་ཤུགས་དང་ངར་ཤུགས་ཆེན་པོ་བསླངས་ཡོད།

ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་རིམ་དུ། དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཧ་ལམ་མངོན་དུ་འགྱུར་བར་རྨང་གཞི་བརྟན་པོར་འདིང་བའི་གནད་འགག་གི་ལོ་ལྔ་ཡིན་ཞིང་། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འགག་སྒྲོལ་དུས་རིམ་ཡང་ཡིན་པ་རེད། གནད་འགག་གི་དུས་སུ་གནད་འགག་གི་འགན་འཁྲི་འཁུར་དགོས་ལ། འགག་སྒྲོལ་གྱི་དུས་རིམ་དུ་བྱས་རྗེས་རྒྱུན་ལྡན་ལས་འདས་པ་གཞག་དགོས། ང་ཚོས་རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་འགུགས་བླ་སྐྱོང་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་དོན་ལ་མཐར་ཕྱིན་འཁྱོལ་བ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་འཐབ་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་དང་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་བཀོད་སྒྲིག་བླང་བྱ་དོན་ལ་ནན་ཏིག་འཁྱོལ་བ། ཞིང་ཆེན་ཏང་ཨུའི་ཅན་བཞི་མཉམ་སྤེལ་དང་གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར་བཅས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ཤིང་། གསར་པ་བདུན་གྱི་དམིགས་འབེན་གཙོ་བོར་གཞིགས་པ་དང་། མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པ་བཅས་རྒྱུན་འཁྱོངས་པ་དང་། ལས་དོན་གྱི་གཙོ་གནད་བསྒྲུབ་ཨེ་ཡོད་ནས་ཡག་པོ་བསྒྲུབ་ཨེ་ཡོད་དང་ཆེས་ཡག་པོ་བསྒྲུབ་ཨེ་ཡོད་ཀྱི་ཕྱོགས་སུ་ཧུར་ཐག་བསྒྱུར་ཏེ། རྒྱལ་ཡོངས་ཀྱི་འཐབ་ཇུས་སུ་ཞུགས་པ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་དཀར་མཛེས་ཁུལ་གྱི་གོ་གནས་མངོན་པ་དང་དཀར་མཛེས་ཁུལ་གྱི་འགན་ཁུར་མཚོན་ཅིང་། དཀར་མཛེས་ཁུལ་གྱི་བྱས་རྗེས་འབུལ་གང་ཐུབ་བྱ་དགོས།

འགོ་འཛུགས་པ་ནི་སྤྱི་ཡོངས་ལ་འབྲེལ་བ་ཡོད། འགོ་བཙུགས་པ་ཡིས་རྗེས་ཤུགས་ཐག་བཅད་ཐུབ། འགོ་འཛུགས་པའི་སྟོབས་ཤུགས་བསྒྲིམས་ནས། ཆབ་སྲིད་བརྟན་པོར་མཐའ་གཅིག་ཏུ་ཡོང་བ་དང་། མཐུན་སྒྲིལ་གྱི་རྩ་བ་མཐའ་གཅིག་ཏུ་བརྟན་སྲུང་། སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་སྐྱོང་། ལས་འགན་གཙོ་བོ་དང་སྤྱི་ཡོངས་ལ་མཐའ་གཅིག་ཏུ་ཞབས་ཞུ། འཕེལ་རྒྱས་དོན་ཆེན་མཐའ་གཅིག་ཏུ་འཛིན་པ། སྐྱེ་ཁམས་སྲུང་ཡོལ་མཐའ་གཅིག་ཏུ་བརྟན་སྲུང་བཅས་བྱེད་ཅིང་། ལོ་འགོ་མའི་འབད་འབུངས་ཧུར་སྐྱོད་ཀྱིས་ལོ་ལྔའི་ཡར་འཕེལ་གྱི་རྨང་གཞི་བརྟན་པོར་བཟོས་ཏེ། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་གོམ་སྟབས་དང་པོ་སྲ་ཞིང་བརྟན་པ་དང་སྟོབས་ཤུགས་ཡོད་པ་ཁག་ཐེག་བྱ་དགོས།

ལམ་ལུགས་ཁྱད་ཡོན་གྱིས་སྟོབས་ཤུགས་ཆེན་པོ་བསྡུས།། དམངས་གཙོ་ཁྲིམས་སྐྱོང་གིས་ཕན་འབྲས་ལྷག་པར་མཚོན།། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་འདེགས་སྐྱོར་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་རིས་བརྗིད་ཆེན་དངོས་ཡོད་མཐོང་ཆོས་སུ་བསྒྱུར་བར། ང་ཚོས་ངེས་པར་དུ་ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག། ཁྲིམས་ལྟར་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་ཡོང་བ་རྒྱུན་འཁྱོངས་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་ཡག་པོ་དང་འཐུས་ཚང་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱེད་པ། ཚུགས་གནས་མཐོན་པོས་ཆབ་སྲིད་ལ་བློ་དཀར་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་སྔར་བས་ནན་པོས་ཁྲིམས་སྐྱོང་ལ་སྐུལ་བ། ལྟ་སྐུལ་སྔར་བས་ནན་ཏིག་གིས་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལམ་སྲོལ་སྔར་བས་ལེགས་པོས་མི་དམངས་དམངས་གཙོ་ལག་ལེན་བསྟར་བ། སྤྱོད་ཚུལ་སྔར་བས་བཙན་པོས་རང་ངོས་འཛུགས་སྐྱོང་ལ་ཤུགས་བརྒྱབ་སྟེ། དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་གཏོད་པ་དང་། ལམ་ལུགས་ཀྱི་ཁྱད་ཡོན་དེ་བཅོས་སྐྱོང་གི་ཁྱད་ཡོན་དང་འཕེལ་རྒྱས་ཀྱི་འགྲན་ཤུགས་ལ་དངོས་སུ་བསྒྱུར་དགོས།

རྒྱང་ལམ་རིང་པོར་སྐྱོད་པའི་ངར་ཤུགས་འཕེལ།། ལས་འགན་ལྕི་མོ་ཁུར་ནས་སླར་ཡང་སྐུལ།། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་ཅིང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་འགོ་ཁྲིད་བརྟན་པོའི་འོག། མངགས་བཅོལ་སེམས་ལ་བརྟན་པོར་ངེས་ཤིང་། དྲིན་དྲན་མདུན་སྐྱོད་དང་། དམ་པ་དོན་གཉེར། ཞུམ་མེད་ཧུར་སྐྱོད་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བྲི་བར་བྱས་རྗེས་གསར་ཞིང་ཆེ་བ་འབུལ་དགོས་སོ།།

( སྐལ་ཐུབ་ཀྱིས་བསྒྱུར།)