国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་འཐུས་མི་དང་ཨུ་ཡོན་ཚོས་འཐུས་མི་བགྲོད་ལམ་དང་ཨུ་ཡོན་བགྲོད་ལམ་བརྒྱུད་ནས་ འགན་སྒྲུབ་མྱོང་ཚོར་གླེང་བ་དང་དམངས་འཚོའི་དོ་ཁུར་ལ་ལན་བཏབ་ཅིང་། འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་གཞི་བཀོད།

སྤྱི་ཟླ2པའི་ཚེས9ནས11ཉིན་བར། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་འཐུས་མི་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་ཚོས་འཐུས་མི་བགྲོད་ལམ་དང་ཨུ་ཡོན་བགྲོད་ལམ་བརྒྱུད་དེ་འཕྲིན་སྦྱོར་ཁག་གི་གཅིག་བསྡུས་བཅར་འདྲིར་དང་ལེན་བྱས་ཏེ། སོ་སོའི་ལས་དོན་དངོས་དང་ཟུང་དུ་སྦྲེལ་ནས་འགན་སྒྲུབ་བྱས་ཚུལ་གླེང་ཞིང་འཕེལ་རྒྱས་གྲུབ་འབྲས་མཉམ་རོལ་དང་འབྱུང་འགྱུར་གྱི་འཆར་གཞི་བཀོད་པ་རེད།

འཐུས་མི་ཨོ་རྒྱན་ཚེ་རིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”འབད་འབུངས་ཡར་བརྩོན་བྱས་ནས་འཕེལ་རྒྱས་ཀྱི་ལེའུ་གསར་དུ་གཏོད་དགོས་ཟེར།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་ཚུགས་པའི་སྔ་མཐུད་ཕྱི་སྤེལ་གྱི་འགག་རྩའི་ལོ་རྒྱུས་ཀྱི་གནད་མཚམས་འདིར། རྟའུ་རྫོང་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ཡོད་པར་མ་ཟད།“མདུན་སྐྱོད”ཀྱི་ཆོད་སེམས་ཆེན་པོས“བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ”བྱས་ཏེ“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འཕེལ་རྒྱས་ཀྱི་རྒྱང་སྐྱོད་ལམ་བུ་གསར་པ་ཕྱོགས་ཡོངས་ནས་བཏོད་ཡོད། “འཐུས་མི་བགྲོད་ལམ”དུ། ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨོ་རྒྱན་ཚེ་རིང་གིས་རྟའུ་རྫོང་གི་འདས་ཟིན་པའི་གྲུབ་འབྲས་དང་འབྱུང་འགྱུར་འཕེལ་རྒྱས་སྐོར་ངོ་སྤྲོད་མདོར་བསྡུས་བྱས་པ་རེད། ཨོ་རྒྱན་ཚེ་རིང་གིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་རྟའུ་རྫོང་གི་བྱ་གཞག་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་ཟེར། ཕྱོགས་བསྡུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། “123+6”ལས་གཞིའི་དཔྱད་ཞིབ་དཔྱད་དཔོག་ལམ་སྲོལ་ལ་བརྟེན་ནས། རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར120བཏང་སྟེ་ལས་གཞི1125ལག་ལེན་བསྟར་བ་དང་། དཔལ་འབྱོར་དམིགས་ཚད་གཙོ་བོ་ཁག“ལོ་ལྔ་ལ་བསྟུད་མར་འཕར”ཡོད་པས“རྟའུ་འཕེལ་རྒྱས”ཀྱི་གྲུབ་འབྲས་ཚོར་ཐུབ་པ་བྱུང་ཡོད། སྐྱེ་ཁམས་སྲུང་ཡོལ་སྔར་བས་བརྟན་དུ་ཕྱིན་ཡོད། ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དང་རིན་ཐང་། འགན་འཁྲི་ཆེ་ཤོས་སུ་བརྩིས་ནས། ཁུལ་ཡོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་ཆེད“རྟའུ་ཡི་སྟོབས་ཤུགས”བྱས་རྗེས་སུ་ཕུལ་ཡོད།

ཁྱད་ཆོས་ཐོན་ལས་ལ་གྲུབ་འབྲས་རགས་ཙམ་ཐོབ་ཡོད། “ཀྲུང་གོའི་བོད་མིའི་སྡོད་ཁང་སྒྱུ་རྩལ་གྱི་ཕ་སའི”གྲགས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། ནུས་ཁུངས་གཙང་མ་འཛུགས་སྐྲུན་གྱི་འཕྲུལ་འདོན་གློག་སྟོང་ཝད་ཁྲི372ལ་ཟིན་ཡོད། འོ་སེ་དང་ཤྭ་དམར་འདེབས་འཛུགས་སོགས་ཀྱི་ཐོན་ལས་ལས་གཞི་ལ་སྐུལ་འདེད་བརྟན་པོ་བཏང་བས། ཡོང་འབབ་སྒོར་ཁྲི3500ཐད་གར་མང་ཚོགས་ཀྱི་ལག་ཏུ་ཐོབ་ཡོད།

དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། ནོར་སྲིད་གཏོང་སྒོ་རྒྱུན་མཐུད་ངང་དམངས་འཚོར་ཕྱོགས་ཏེ་ལོ5ཡི་རིང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར65བཏང་བ་དེས་ནོར་སྲིད་ཀྱི་གཏོང་སྒོའི་བརྒྱ་ཆ74བཟུང་ཡོད། བུད་མེད་དང་བྱིས་པའི་ཆེད་ཚན་སྨན་ཁང་གསར་དུ་བསྐྲུན་ནས“འདུ་འགོད་ཁྲི་སྟོང”གི་ཉམས་མྱོང་སྤྱད་དེ་མང་ཚོགས་ལ་དྲོད་ཁོལ་ཚོར་དུ་བཅུག་ཡོད།

འཕེལ་རྒྱས་ཀྱི་རྨང་གཞི་ཉིན་བཞིན་བརྟན་དུ་ཕྱིན་ཡོད། སྤུས་ཚད་མཐོན་པོའི《རྟའུ་རྫོང་གི་འགྲིམ་འགྲུལ་སྐྱེལ་འདྲེན་འཕེལ་རྒྱས་འཆར་འགོད(2024ནས2030ལོ་བར)》བཟོས་པ་དང་། བྲག་མགོ་ནས་དར་མདོ་བར་གྱི་མྱུར་ལམ་དངS571སོགས་ཞིང་ཆེན་རིམ་པའི་གཞུང་ལམ3ཞིང་ཆེན་ལམ་དྲྭའི་འཆར་འགོད་ནང་བཅུག་པ་དང་འབྲེལ་གོ་རིམ་ལྟར་ལས་འགོ་བཙུགས་ཡོད།

ཨོ་རྒྱན་ཚེ་རིང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་། རྟའུ་རྫོང་གིས“སྔོན་ལ་སྒྲུབ་པ་ལས་རྩོད་གླེང་མི་བྱེད་པ་དང་སྔོན་ལ་ཚོད་ལྟ་ལས་བཤད་པ་མི་གཏོང་བའི”འདུ་ཤེས་མུ་མཐུད་དེ་རྒྱུན་འཁྱོངས་ནས།“མཐིལ་ཚད་ལས་འགན”ལ་དམིགས་ནས་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ་དང་།“ལས་འགན་ཨང་དང་པོར”དམིགས་ནས་ཐོན་ལས་གཤོ་སྒྱུར་ལ་སྐུལ་བ། “རྩ་བའི་ལས་འགན”ལ་དམིགས་ནས་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་།“རྨང་གཞིའི་ལས་འགན”ལ་དམིགས་ནས་ཡི་རང་བའི་སྲིད་གཞུང་འཛུགས་སྐྱོང་བྱས་ཏེ་དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་འགོ་ཡག་པོ་བརྩམ་རྒྱུ་ཡིན་ཞེས་བཤད་པ་རེད།།

འཐུས་མི་མཆོག་དགེ་ཡིས་དཀར་མཛེས་རྫོང་གིས“འགག་སྒྲོལ་ཆེན་པོ་གསུམ”ལ་ཤུགས་བསྒྲིམས་ནས་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཟུར་པའི་དཔེ་སྟོན་གསར་པ་བཏོད་ཡོད་ཅེས་བཤད།

དཀར་མཛེས་རྫོང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་འཐུས་མི་མཆོག་དགེ་ཡིས་གསར་འགོད་པའི་དྲི་བ་དང་ལེན་བྱེད་སྐབས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཀར་མཛེས་རྫོང་ལ་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཟུར་པ་མགྱོགས་མྱུར་བསྐྲུན་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་སྤྲད་པས་རྫོང་ཡོངས་ཀྱི་འཕྲོད་བསྟེན་ཁོངས་གཏོགས་ལ་འགན་འཁྲི་ལྕི་ཞིང་ལས་འགན་གཟི་བརྗིད་ལྡན་པའི་ཚོར་སྣང་ཟབ་མོ་བྱུང་། ཉེ་བའི་ལོ་ཤས་རིང་དཀར་མཛེས་རྫོང་གིས་དཀར་མཛེས་རང་གི་དགོས་མཁོ་སྐོང་བ་དང་དཀར་མཛེས་ཁུལ་བྱང་རྒྱུད་ལ་ཞབས་འདེགས་ཞུ་བ། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་འབྲེལ་མཚམས་སུ་ཁྱབ་འགྱེད་བྱེད་པའི་བྱེད་ནུས་ཚད་དཔོག་ལ་དམིགས་ནས། དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་འཕེལ་རྒྱས་སྤུས་ཚད་མཐོན་པོའི“ལྔ་ཐོག་གཅིག་སྣོན”གྱི་བྱེད་ཐབས་དོན་འཁྱོལ་མཐར་ཕྱིན་བྱས་ནས་ཕན་འབྲས་མིག་མཐོང་ལག་ཟིན་རབ་དང་རིམ་པ་ཐོན་ཡོད་ཅེས་བཤད། མཆོག་དགེ་ཡིས་འདས་ཟིན་པའི་ལོ་ལྔ་ནི་དཀར་མཛེས་རྫོང་གི་སྨན་བཅོས་ཤེས་ལྡན་མི་སྣ་འཛུགས་སྐྱོང་ལ་ཕན་འབྲས་ཡག་ཤོས་ཐོན་པའི་ལོ་ལྔ་ཡིན་ཞིང་།“ཚོགས་སྒྲིག་ཅན”རོགས་སྐྱོར་གྱིས་དཀར་མཛེས་རྫོང་གི་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་འཕོ་འགྱུར་ཆེན་པོ་ཐེབས་ཡོད། ལག་རྩལ་རོགས་སྐྱོར་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པར་བརྒྱུད་རྫོང་ཡོངས་སུ་གཅིན་ཟགས་རྨས་ཆུང་ཁོག་ཤེལ་དང་ཁོག་ལམ་སོགས་ལག་རྩལ་གསར་པ་དང་ལས་ཚན་གསར་པ44སྤེལ་བ་དང་ཡུལ་དེ་གའི་སྨན་པ55གསོ་སྐྱོང་དང་ནང་འདྲེན་བྱེད་རོགས་བྱས་པ་རེད། རྫོང་ཡོངས་ཀྱི་སྨན་པའི་ལག་ཁྱེར་འཁྱེར་ཚད“ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”ཚུན་གྱི་བརྒྱ་ཆ34.7ནས་མིག་སྔའི་བརྒྱ་ཆ74.7བར་ཆེས་ཆེར་འཕར་ནས་གཞི་རིམ་གྱི་སྨན་བཅོས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་། སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་པ་དེ་ནི་ཉེ་བའི་ལོ་ཤས་རིང་གི་གྲུབ་འབྲས་མངོན་གསལ་དོད་ཤོས་ཤིག་རེད་ཅེས་བཤད། མཆོག་དགེ་ཡིས་དཀར་མཛེས་རྫོང་གིས་ཞིང་ཆེན་དང་ཁུལ་རིམ་པའི་གཙོ་གནད་ཆེད་སྦྱོང་ཚན་ཁག8བསྐྲུན་པ་དང་། རིམ་པ་གསུམ་པ་དང་བཞི་པའི་གཤགས་བཅོས་ཀྱི་ཚད་བརྒྱ་ཆ70.02བར་འཕར་ཞིང་། ས་ཁོངས་ནང་གི་ནད་པ་ཕྱི་ཕྱོགས་སུ་སྐྱེལ་ཚད་ན་ནིང་དུས་མཉམ་ལས་བརྒྱ་ཆ42ཆག་ཡོད་ཅེས་བཤད་པ་རེད། འདས་ཟིན་པའི་ལོ་ལྔ་ནི་དཀར་མཛེས་རྫོང་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་བྱེད་ཤུགས་ཆེ་ཤོས་ཀྱི་ལོ་ལྔ་ཡང་ཡིན། རྫོང་ཁོངས་སྨན་བཅོས་ཐུན་སྤྱི་མཐུན་འབྲེལ་ཅན་སྐྲུན་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།“གཅིག་གྱུར་བརྒྱད”ཀྱི་དོ་དམ་ཁྱོན་ཡོངས་ནས་ཁྱབ་སྤེལ་བཏང་བ་དང་།“དོ་དམ་ལྟེ་གནས་ཆེན་པོ་བཅུ”དང“ཐོན་ཁུངས་མཉམ་རོལ་ལྟེ་གནས་ཆེན་པོ་ལྔ”དངོས་སུ་འཁོར་སྐྱོད་དུས་རིམ་དུ་སླེབས་ཡོད། སྨན་རྫས་ཡོ་བྱད་ཀྱི་ཆ་སྙོམས་རིན་གོང་བརྒྱ་ཆ45ཆག་པ་དང་གཞི་རིམ་བརྟག་བཅོས་བྱེད་ཚད་བསྡུར་ཚད་ལས་བརྒྱ་ཆ12འཕར་ནས་མང་ཚོགས་ཀྱི་སྨན་བཅོས་ཁུར་པོ་ཡང་དུ་ཕྱིན་ཡོད་པ་རེད། ཐུམ་འབུའི་ནད་ཕོག་མཁན་གྱི་གྲངས་འབོར་ཧ་ལམ་མེད་པ་དང་གློ་གཅོང་ནད་རིགས་འགོག་བཅོས་ཀྱི“ཚྭ་རྩྭ་བྱེད་སྟངས”ལ་རྒྱལ་ཁབ་ནད་ཡམས་ཚོད་འཛིན་ཅུས་ཀྱི་གཟེངས་བསྟོད་ཐོབ་ནས་ཁྱབ་གདལ་བཏང་བས་རྒྱལ་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། མཆོག་དགེ་ཡིས་སླད་ཕྱིན་དུ་དཀར་མཛེས་རྫོང་གིས་ཁུལ་ཚོགས་ཆེན་གཉིས་ཀྱི་སྙིང་དོན་དེ་འཕྲོད་བསྟེན་བྱ་སྤྱོད་དུ་དངོས་སུ་བསྒྱུར་ནས་ཁུལ་ཁོངས་སྨན་བཅོས་ལྟེ་གནས་ཟུར་པ་འཛུགས་པའི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

འཐུས་མི་ཀྲང་ཆིང་སུང་གིས་གཞི་རིམ་ལས་ཡུལ་དང་པོར་གཞི་ཚུགས་ནས་དྲིལ་སྒྲོག་པ་དང་ལྟ་སྐུལ་བ། ཞབས་ཞུ་བ་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་བར་ནུས་པ་སྤྲད་དགོས་ཞེས་བཤད།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རང་བྱུང་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དང་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆར་བརྟེན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་བ་དང་། རིག་གནས་དང་ཡུལ་སྐོར་གྱི་དཀར་མཛེས་ཁུལ་བསྐྲུན་པར་སྐུལ་འདེད་མགྱོགས་སུ་བཏང་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཞི་རིམ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་པ་ཞིག་ཡིན་པའི་ངོས་ནས་ཁྱེད་ཀྱིས་ལས་ཀའི་དོན་དངོས་དང་ཟུང་དུ་སྦྲེལ་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ལ་གཞི་རིམ་གྱི་རིག་གནས་དྲིལ་སྒྲོག་དཔུང་ཁག་གིས་ལེགས་ཆ་དང་ནུས་པ་ཇི་ལྟར་འདོན་དགོས་པའི་གསར་འགོད་པའི་དྲི་བར་དམིགས་ནས་ཁུལ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་གཞི་རིམ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་པ་ཀྲང་ཆིང་སུང་གིས་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་འཐུས་མི་བགྲོད་ལམ་དུ་བསྐྱོད་དེ་ལན་བཏབ་པ་རེད། ཉེ་བའི་ལོ་ཤས་རིང་། དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གཏོད་པའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རིག་གནས་དང་ཡུལ་སྐོར་གྱི་དཀར་མཛེས་ཁུལ་འཛུགས་སྐྲུན་བྱ་རྒྱུས་སྣེ་ཁྲིད་ཅིང་། མི་རིགས་རིག་གནས་དང་སྐྱེ་ཁམས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་བར་བསྐུལ་ཏེ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གནས་མཆོག་དཀར་མཛེས་ཁུལ་གྱི་གྲགས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་ནས་བརྒྱད་ཟིལ་རྫོང་གི《ཨ་ཡེ་མོ་མོ》ལ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་རི་སྐྱེས་མེ་ཏོག་བྱ་དགའ་ཐོབ་པའི་བར་དང་དེ་བཞིན་གཞི་རིམ་གྱི་རིག་གནས་ཡུལ་སྐོར་ཞབས་ཞུ་དང་ཡུལ་སྡེ་དར་རྒྱས་དུས་གཅིག་ཏུ་རིམ་འཕར་བྱུང་བས། དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དེ་མཛེས་མདངས་བཀྲ་བ་ནས་རིན་ཐང་ཆེ་བའི་ཕྱོགས་སུ་འཕར་བཞིན་ཡོད། ཀྲང་ཆིང་སུང་གིས་གཞི་རིམ་རིག་གནས་ཡུལ་སྐོར་དྲིལ་སྒྲོག་པའི་ནུས་པ་གཙོ་བོ་ཕྱོགས་གཉིས་ནས་ནུས་པ་སྤྲད་པ་ལས་མངོན་པ་དང་། འོག་ལ་གྲོང་སྡེ་དང་མང་ཚོགས་ལ་ནུས་པ་སྤྲད་པ་སྟེ། སྲིད་ཇུས་ཀྱི་ཁེ་སྤོགས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྤྲད་ཐུབ་པ་དང་། གོང་ལ་ཐབས་ཇུས་དང་འཆར་འགོད་ཀྱི་ནུས་པ་སྤྲད་དེ། གྲོས་འགོ་གནད་སྨིན་བཏོན་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་དོན་དངོས་དང་མི་བྲལ་བ་དང་བརྩེ་བ་མི་ཤོར་བའི་འགན་ལེན་བྱ་རྒྱུ་དེ་རེད་ཅེས་བཤད་པ་རེད། འབྱུང་འགྱུར་ང་ཚོས་ལས་ཡུལ་དང་པོར་མུ་མཐུད་དེ་གཞི་ཚུགས་ནས་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་བརྩེ་སེམས་ཆེན་པོས་མི་རིགས་རིག་གནས་ཀྱི་རྩ་བ་བསྲུངས་ཏེ། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་བ་དང་། དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཡག་པོ་དང་རིག་གནས་ཡག་པོ་མི་དེ་བས་མང་པོར་མཐོང་དུ་བཅུག་པ་དང་དགའ་རུ་བཅུག་པ། བརྒྱུད་འཛིན་ཐུབ་པ་བྱ་རྒྱུ་ཡིན་ཞེས་ཀྲང་ཆིང་སུང་གིས་དེ་ལྟར་བཤད་པ་རེད།།

ཨུ་ཡོན་དབྱང་ཞའོ་ལི་ཡིས་ཐུན་མོང་ངོས་འཛིན་གཅིག་ཏུ་བསྡུས་ཏེ་འགན་འཁྲི་ཁུར་བ་དང་མཐུན་སྒྲིལ་འབད་འཐབ་བྱས་ནས་ལེ་ཚན་གསར་པ་བྲི་དགོས་པར་བཏོན།

ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་ནི་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་དོན་དང་། རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་ཡིན། ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ་དབྱང་ཞའོ་ལི་ཡིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུའི་བརྗོད་གཞི་གལ་ཆེན་དེ་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ལག་ལེན་དང་ལྷན་སྐྱེས་ཀྱི་གཅིག་གྱུར་རང་བཞིན་ལྡན་ཡོད་ཅེས་བཤད། དབྱང་ཞའོ་ལི་ཡིས་སྲིད་གྲོས་ཀྱིས་མི་རིགས་ཁག་བར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་།“ངོས་འཛིན་གཅིག་མཐུན་ལྔ”ཤུགས་ཆེ་རུ་གཏོང་བ། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་ཀྱི་ཐད་འཁྲི་འགན་གལ་ཆེན་ཕྲག་ཏུ་ཁུར་ཡོད། སྲིད་གྲོས་ཨུ་ཡོན་ནི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཡོང་བ་དང་དེ་ཉིད་མ་གཞི་ནི་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་མཚོན་རྟགས་ཤིག་ཡིན་ལ། འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ནི་དོན་དངོས་ཐོག་མི་སེམས་གཅིག་སྒྲིལ་དང་ཐུན་མོང་ངོས་འཛིན་གཅིག་སྒྲིལ། བློ་རིག་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཐུན་མོང་ཐོག་འབད་བརྩོན་བྱེད་པའི་བརྒྱུད་རིམ་ཞིག་ཀྱང་ཡིན། སྲིད་གྲོས་ཀྱི་མཐུན་རྐྱེན་ལ་བརྟེན་ནས། ངས་བལྟས་ན་གནད་འགག་ནི་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་སྔར་ལས་སེམས་ལ་འཇགས་པ་དང་། ཇུས་འབུལ་སྲིད་ཕན་སྔར་ལས་གནད་ལ་འཁེལ་བ། འབྲེལ་ཟམ་གྱི་ནུས་པ་སྔར་ལས་ཐོགས་པ་མེད་པ། འགན་འཁྲི་སྒྲུབ་པའི་གཞི་སྟེགས་སྔར་ལས་ཕུན་སུམ་ཚོགས་པོ་ཡོང་བ་བཅས་ཕྱོགས་བཞིའི་ཐད་འབད་བརྩོན་བྱ་དགོས་ཞེས་བཤད། སྲིད་གྲོས་ཀྱིས་གྲོས་མོལ་བྱེད་སའི་ལས་སྟེགས་ཡག་པོ་བེད་སྤྱོད་བྱས་ཏེ་དང་ལེན་བྱེད་སླ་བའི་སྐད་ཆ་དང་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི“ཉེ་འགྲམ་གྱི་གཏམ་རྒྱུད”གསོན་ཉམས་ལྡན་པའི་སྒོ་ནས་བཤད་དགོས། མི་རིགས་ས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་སོགས་སྒྲུབ་གཞི་འགག་རྩ་ལ་དམ་པོར་དམིགས་ཤིང་བརྟག་དཔྱད་གཏིང་ཟབ་བྱས་ཏེ་ཕན་ནུས་ལྡན་པའི་གྲོས་འགོ་འདོན་དགོས། སྲིད་གྲོས་ཨུ་ཡོན་རྣམས་མང་ཚོགས་སར་བསྐྱོད་དགོས་པ་དང་རེ་ཞུ་ལ་ཉན་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཡར་ཞུ་བྱས་ཏེ། ཏང་ཨུ་སྲིད་གཞུང་ལ་རམ་འདེགས་བྱས་ནས་འབྲེལ་བ་མཐུན་སྦྱོར་དང་འགལ་བ་བར་འདུམ། མཐུན་སྒྲིལ་ཟབ་མོ་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་དགོས། དྲྭ་ཐོག་དང་ཡུལ་དངོས་ཀྱི་མཐུན་རྐྱེན་ཡག་པོ་བཀོལ་སྤྱོད་བྱས་ཏེ། མཐུན་སྒྲིལ་མཛའ་མཐུན་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱ་སྐྱེད་བཏང་ནས་སྲིད་གྲོས་དེ་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་འབྲེལ་མཐུད་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཨ་ལོང་བཞིན་ཡོང་བའི་གནད་ཚིགས་གལ་ཆེན་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་བཤད་པ་རེད། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་ནི་ཕུགས་དང་རྩ་བ་དང་འབྲེལ་བ་ཡོད་པའི་རྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། དབྱང་ཞའོ་ལི་ཡིས་ཁྲིམས་སྐྱོང་མི་དམངས་ཀྱི་ཆེད་དང་མཐུན་སྒྲིལ་གྱིས་ཞི་བདེ་ལ་སྐུལ་བའི་ཐོག་མའི་བསམ་འདུན་མུ་མཐུད་དེ་བརྟན་སྲུང་བྱེད་ཅིང་འགན་འཁྲི་ནན་ཏན་བསྒྲུབས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ཡོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།

འཐུས་མི་པའེ་ཡིང་ཁྲུན་གྱིས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་གྱིས་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསླང་དགོས་པར་བཏོན།

“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རིང་ནི་དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་ལེའུ་གསར་རྩོམ་པའི་འགག་རྩའི་དུས་མཚམས་ཤིག་ཡིན་པས། ང་ཚོས་ནུས་རྒྱུ་གསར་བརྗེ་དང་ཚན་རྩལ་གསར་བརྗེའི་ལོ་རྒྱུས་ཀྱི་སྣོལ་གནས་ཤེས་ཚོར་སྐྱེན་པོས་ཁོང་དུ་ཆུད་པར་བྱས་ཏེ། ནུས་རྒྱུ་གཙང་མ་དང་རྩིས་ཤུགས་དཔལ་འབྱོར་གྱི་འགྲན་ལམ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། ཁུལ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཚན་ཁག་གི་ཁོངས་མི། ཀྲུའུ་རེན་གཞོན་པ། རིམ་པ་གསུམ་པའི་བརྟག་ཞིབ་པ་པའེ་ཡིང་ཁྲུན་གྱིས་གསར་འགོད་པར་དེ་ལྟར་བཤད། ནུས་ཤུགས་ཡོད་རྒུས་ལིས་གཏེར་ཁུལ་ནང་ཁུལ་གྱི་སྦག་མེད་སྔོག་འདོན་དང་ས་ཁོངས་བརྒལ་བའི་གླིང་ཁུལ་གྱིས་ཕན་འབྲས་གཞན་སྒྱུར་གྱི་བྱེད་སྟངས་བཏོད་དེ། ལིས་ཚྭ་དང་ནུས་གསོག་གློག་རྫས། སླར་བསྡུས་བེད་སྤྱོད་སོགས་ཀྱི་གནད་མཚམས་ལ་དམིགས་ནས་ལིས་གློག་གི་ནུས་ཁུངས་གསར་པའི་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། ཆུ་གློག་དང་རླུང་གློག་འོད་ཤུགས་བཅས་གསར་སྤེལ་བྱ་རྒྱུར་བརྟེན་ནས་ས་ཁོངས་བརྒལ་བའི་གླིང་ཁུལ་དུ་རླུང་གློག་དང་འོད་ཤུགས། ཆིང་བཟོ་ཆིང་གསོག་སོགས་སྒྲིག་ཆས་བཟོ་སྐྲུན་འཕེལ་རྒྱས་བཏང་ནས་ནུས་ཁུངས་ཀྱི་ལེགས་ཆ་དེ་བཟོ་སྐྲུན་གྱི་ལེགས་ཆར་བསྒྱུར་བར་བསྐུལ་དགོས། མིས་བཟོས་རིག་ནུས་དང་ཤར་གྲངས་ནུབ་རྩིས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། རང་ཁུལ་གྱི་ས་བབ་མཐོ་བ་དང་སྦག་མེད་གློག་ཤུགས་ཕུན་སུམ་ཚོགས་པའི་ཐུན་མོང་མ་ཡིན་པའི་ལེགས་ཆ་སྤྱད་དེ། མཐོ་སྒང་གི་ཁྱད་ལྡན་རིག་ནུས་རྩིས་ཤུགས་ལྟེ་གནས་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་། AIསྦྱོང་བརྡར་དང་ལེན་དང་ཚན་རིག་དང་མཐུན་པའི་རྩིས་རྒྱག་སོགས་སྣ་མང་ཅན་གྱི་གྲངས་གཞིའི་དགོས་མཁོ་མ་སྐུལ་དང་ལེན་ངང་དང་ལེན་བྱེད་པ་དང་འབྲེལ་གནམ་རིག་དན་གྲངས་ཐག་གཅོད་དང་། རིག་ནུས་ཅན་གྱི་ཞིང་འབྲོག། ས་གཤིས་གནོད་འཚེ་སྔོན་བརྡ་གཏོང་བ་སོགས་ས་གནས་དེ་གའི་ཁྱད་ལྡན་བཀོལ་སྤྱོད་རྣམ་པ་རྒྱ་སྐྱེད་ཧུར་ཐག་གཏང་དགོས། དཀར་མཛེས་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་མཁའ་དམའ་དཔལ་འབྱོར་མཉམ་ལས་འཕེལ་རྒྱས་ཀྱི་རྟེན་ས་གལ་ཆེན་ཡིན་པའི་ཆ་ནས། “མཁའ་མིག”ལ་བརྟེན་ནས་ཡུལ་སྐོར་མྱོང་རོལ་བསྐྱར་དུ་བྱས་ཏེ། ཀུན་སྤྱོད་གནམ་ཐང་ཚོགས་པར་བརྟེན་ནས་མཁའ་དམའ་ལྟ་སྐོར་དང་མཁའ་འགྲུལ་མྱུལ་དཔྱད་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱེད་པ་དང་། མཁའ་དམའ་དཔལ་འབྱོར་དང་ཐོན་ལས་མཉམ་འདྲེས་ཟབ་ཏུ་བཏང་ནས་སྨན་བཅོས་སྲོག་སྐྱོབ་དང་འཚུབ་བསྟུན་རོགས་སྐྱོབ་སོགས་སྣ་མང་རྣམ་པ་བེད་སྤྱོད་བྱ་རྒྱུར་སྐུལ་བ་དང་འཕུར་ས་དང་མར་བབས་ས་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏང་དགོས་པ་དང་། རྒྱལ་ཡོངས་ཀྱི་ས་བབ་མཐོ་སའི་མི་མེད་གནམ་གྲུའི་ཚོད་ལྟའི་དཔེ་སྟོན་རྟེན་གཞི་བསྐྲུན་ཏེ་ཞིབ་འཇུག་གསར་སྤེལ་དང་ཚད་ལེན་ཚོད་ལྟ་སོགས་ཀྱི་གྲུབ་རྐྱེན་གཙོ་བོ་བསྡུས་ནས་ཐོན་ལས་ཀྱི་སྐྱེ་ཁམས་འབྲེལ་ཐག་ཆ་ཚང་བསྐྲུན་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྣན་དགོས། ང་ཚོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་གལ་ཆེན་མང་པོ་བརྩེགས་མ་བྱུང་བའི་ལེགས་ཆ་འདང་ངེས་སྤྱད་དེ་རྗེས་སྙེག་མཆོང་བརྒལ་ཡོང་བར་སྲ་ཞིང་བརྟན་པའི་འགན་ལེན་བྱ་དགོས། པའེ་ཡིང་ཁྲུན་གྱིས་འཆར་འགོད་ཀྱིས་སྣེ་ཁྲིད་ཤུགས་ཆེ་རུ་བཏང་ནས་ལས་གཞི་གལ་ཆེན་དེ་བས་མང་བ་རྒྱལ་ཁབ་ཀྱི་འཆར་འགོད་ཆེན་པོར་འཇུག་པའི་བརྩོན་ལེན་བྱ་དགོས། སྒོ་འབྱེད་རོགས་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁ་གཏད་རོགས་སྐྱོར་ལམ་སྲོལ་ལ་བརྟེན་ནས་ས་ཁོངས་བརྒལ་བའི་གླིང་ཁུལ་དང་ཤེས་ལྡན་མི་སྣ་ནང་འདྲེན། ཁྲོམ་ར་མཉམ་སྐྲུན་ཐད་གཏོར་བརྒལ་ཡོང་བ་བྱ་དགོས། སྐྱེ་ཁམས་དམར་ཐིག་བརྟན་སྲུང་དང་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཐབས་ལམ་འཚོལ་ཞིབ་བྱ་དགོས་ཞེས་བཤད། པའེ་ཡིང་ཁྲུན་གྱིས་ང་ཚོས་ཚན་རྩལ་གྱིས་སྣེ་ཁྲིད་དང་དགེ་མཚན་གྱིས་ནུས་སྤྲོད། སྒོ་འབྱེད་རོགས་ལས་བཅས་སྲོག་ཤིང་དུ་བཟུང་སྟེ། ཐོན་སྐྱེད་སྟབས་ཤུགས་སྤུས་གསར་དེ་ནུས་རྒྱུ་གཙང་མ་དང་། རིག་གནས་ཡུལ་སྐོར། རྩིས་ཤུགས། མཁའ་དམའ་དཔལ་འབྱོར་སོགས་ཁྱད་ཡོན་ཐོན་ལས་སུ་མཉམ་འདྲེས་ཟབ་མོ་བྱས་ཏེ། འཕེལ་རྒྱས་གཏོང་སྟངས་དེ་ཐོན་ཁུངས་ཕྱིར་བཏང་ནས་རིན་ཐང་ཕྱོགས་བསྡུས་ཕྱོགས་སུ་འཕར་བར་བསྐུལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་རྩོམ་པར་བྱས་རྗེས་དང་སྟོབས་ཤུགས་འབུལ་དགོས་ཞེས་བཤད་པ་རེད།།

(ཨོ་རྒྱན་དང་ལྷ་འཛོམས། བདེ་སྐྱིད། བདེ་ཆེན། མིག་དམར་བཅས་ཀྱིས་བསྒྱུར།)