( པར་ངོས་དང་པོར་མཐུད།)
གྲོས་རིམ་ལེགས་གྲུབ་བྱུང་རྗེས། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་གསུང་བཤད་གནང་། ཁོང་གིས་ཁུལ་ཨུའི་ཚབ་མཛད་ནས་ཚོགས་ཆེན་ཕུན་སུམ་ཚོགས་པར་འཚོགས་པ་དང་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་རྣམས་ལ་སྤྲོ་སེམས་ཆེན་པོས་རྟེན་འབྲེལ་ཞུས་པར་མ་ཟད། འཐུས་མི་རྣམས་ཀྱིས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་། བསམ་འཆར་དང་ཐབས་ཇུས་ཧུར་ཐག་བཏོན་པར་གུས་བཀུར་བླ་ན་མེད་པ་ཞུས། ཁོང་གིས་འདས་མ་ཐག་པའི2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མཇུག་འགྲིལ་བའི་ལོ་ཡིན་ལ། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་བརྒྱུད་རིམ་ཐད་རྒྱུན་ལྡན་དང་སྤྱིར་བཏང་མིན་པའི་ལོ་ཞིག་ཀྱང་ཡིན། ལོ་གཅིག་རིང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་མཐའ་གཅིག་ཏུ་ལག་ལེན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་སྙིང་དོན་དོན་ལ་འཁྱོལ་བ་དང་། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཆུ་ཚད་མཐོན་པོ་ཡོང་བ་སྤྱི་འདོམས་བྱས་ཏེ། ཁུལ་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཚད་བརྒལ་གསར་པ་བྱུང་བ་དང་། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ཆོས་ཞིང་འབྲོག་ལས་བཅས“དོན་ཆེན་གསུམ”ཁྱོན་ཡོངས་ནས་འཕེལ་སྟོབས་ཆེ་རུ་ཆགས་ཡོད། རྨང་གཞིའི་སྒྲིག་བཀོད་གལ་ཆེན་མང་པོ་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་། དམངས་འཚོ་ལས་གཞི་རབ་དང་རིམ་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ། “9·5”ལྕགས་ཟམ་ཁའི་ས་འགུལ་གྱི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་། རྒྱུད་རིང་ལྡན་པའི་སྒོ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྐུལ་བར་གོང་འཕེལ་གསར་པ་བྱུང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱུང་། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་ལ་རག་ལས་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོ། ཁུལ་ཡོངས་ཀྱིས་གོང་འོག་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱས་པའི་འབྲས་བུ། རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་བློ་རིག་དང་དཀའ་ཚེགས་བཅས་ལ་རག་ལས་ཡོད།
ཀྲའོ་པོ་ཡིས་བསྟན་དོན། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན། ལོ་ལྔའི་ནང་གི་འགོ་འཛུགས་པའི་ལོ་ནི་འགག་རྩ་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“རྟ་ཕོ་ལྕག་གིས་སྐུལ་བའི”ངར་ཤུགས་དང་། “རྟ་མཆོག་གོམ་འགྲོས་མི་ལྷོད་པའི་བརྩོན་ཤུགས”། “རྟ་བརྒྱ་ཐང་ལ་དཀྱུ་བའི”གསོན་ཤུགས་བཅས་ཀྱིས་མི་དམངས་ཀྱིས་སྤྲད་པའི་འགན་འཁྲི་དེ་དཀར་མཛེས་ཁུལ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྒུལ་ནུས་ཆེན་པོར་སྔར་ལས་ལེགས་པོར་བསྒྱུར་བ་དང་། ཀྲུང་གོའི་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གསར་པ་བརྩམ་པར་བྱས་རྗེས་སྔར་བས་ཆེན་པོ་གཞག་དགོས། ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་ཀྱི“བསམ་ཤེས་མཁན”བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཁ་ཕྱོགས་ཡང་དག་པ་འཛིན་པ་དང་།རང་རྟོགས་ངང་ཏང་གི་འགོ་ཁྲིད་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི“བྱ་སྤྱོད་སྤེལ་མཁན”བྱས་ཏེ་རང་རྟོགས་ངང་མི་དམངས་འཐུས་ཚོགས་ཀྱི་འགན་དབང་དེ་ཁུལ་ཡོངས་ཀྱི་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི“དོན་ཆེན་བཞིའི”ནང་བཞག་ནས་ཚད་དཔོག་དང་ཇུས་འགོད་བྱེད་ཅིང་། ཁྲིམས་འཛུགས་སྤུས་ཚད་མཐོན་པོ་དང་ལྟ་སྐུལ་ཕན་ནུས་ཆེ་བ། གཏན་འབེབས་ཆུ་ཚད་མཐོ་བ། བསྐོ་འཐེན་ཚད་གཞི་མཐོ་བ་བཅས་བརྒྱུད་ནས། འཆར་གཞི་བརྗིད་ཉམས་ལྡན་པ་དེ་དངོས་ཡོད་མཐོང་ཆོས་སུ་བསྒྱུར་དགོས། མང་ཚོགས་དང་འབྲེལ་འདྲིས་བྱེད་པའི“ཞབས་འདེགས་པ”བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་ཐོགས་མེད་བྱེད་པ། མང་ཚོགས་ཀྱི་འབོད་སྒྲ་ལ་ནན་ཏན་གྱིས་ཉན་པ་དང་མང་ཚོགས་ཀྱི་ཞུ་གཏུག་ཡར་ཞུ་བྱེད་པ། མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་པ་བཅས་བྱས་ནས། ལས་དོན་ཁག་གིས་མི་དམངས་ཀྱི་འདོད་བློ་སྔར་ལས་ལེགས་པར་མཚོན་པ་དང་མི་དམངས་ཀྱི་ཁེ་དབང་འགན་སྲུང་། མི་དམངས་ཀྱི་གསར་གཏོད་སྐུལ་སློང་བྱ་དགོས། བདེན་སྲུང་གསར་གཏོད་ཀྱི“གསར་འབྱེད་མཁན”བྱས་ཏེ་མི་དམངས་འཐུས་ཚོགས་རང་ངོས་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ“མྱུར་སྒྲུབ་ལ་བརྩི་མཐོང་དང་དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག་པ། ཐབས་སྒྲུབ་ལ་མཁས་པ”བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་གང་ཐུབ་བྱས་ནས་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ཉམས་འགྱུར་བཟང་པོ་མངོན་པར་བྱ་དགོས།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་ནི་རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། ལམ་ལུགས་འདི་མཐའ་འཁྱོངས་དང་འཐུས་ཚང་། བེད་སྤྱོད་ཡག་པོ་བཅས་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་རེད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་ཨུས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་རྒྱུན་མཐུད་ངང་ཤུགས་རྒྱག་པ་དང་ལེགས་སུ་བཏང་ནས་མི་དམངས་འཐུས་ཚོགས་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས། མི་དམངས་སྲིད་གཞུང་ལྟ་ཞིབ་ཨུ་ལྷན། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་རིམ་པ་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་འཆར་དང་གྲོས་འགོ་ཁག་ལག་ལེན་ནན་པོ་བསྟར་ནས་ཁྲིམས་ལྟར་སྲིད་འཛིན་དང་ལྟ་ཞིབ། ཁྲིམས་འཛིན་དྲང་གཞག་བཅས་བྱེད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། གྲོས་འཆར་དང་གྲོས་འགོ་ནན་ཏན་ངང་བསྒྲུབས་ཏེ་མ་སྐུལ་དང་ལེན་ངང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་གནས་ཚུལ་དང་སྲིད་དོན་ཤེས་རྟོགས། དབང་ཆ་སྤྱད་རྒྱུ་བཅས་ལ་སྟབས་བདེ་བསྐྲུན་དགོས། འཐུས་མི་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་ཡིད་ཆེས་ལ་གཅེས་སྤྲས་བྱེད་པ་དང་འབྲེལ་ལམ་བཙུགས་ཏེ་དམངས་ཀྱི་ཆེད་དུ་སྐད་ཆ་བཤད་པ་དང་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་སྔར་ལས་ལེགས་པར་བྱ་དགོས།
ཧྲུའུ་ཏ་ཁྲུན་གྱིས་གཙོ་སྐྱོང་གནང་སྐབས་བསྟན་དོན། ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་སེམས་མཐུན་ཕྱོགས་མཐུན་སྤྱོད་མཐུན་བྱེད་པ་དང་། ཁུལ་ཨུའི་ལས་འགན་གཙོ་བོ་གང་དུ་སྤེལ་ན་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་རྗེས་སྙེག་ཐུབ་པ་དང་སྟོབས་ཤུགས་དེ་གར་གཅིག་སྡུད་ཐུབ་པ་བྱ་དགོས། ཁུལ་ཨུའི་སྤྱིའི་ལས་དོན་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་འགག་རྩའི་ཁྱབ་ཁོངས་དང་མི་དམངས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག། དཀའ་གནད་དང་གནད་དོན་ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་དང་ཇུས་འདོན་གང་ལེགས་བྱས་ཏེ་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏང་དགོས། རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོང་ཡག་པོ། འཕེལ་རྒྱས་ཡག་པོ་ཡོང་བ་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ་སོགས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་ཡག་པོ་བྱེད་པར་སྐུལ་འདེད་བཏང་སྟེ་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་། སྔར་ལས་དྲང་གཞག་གི་སྒོ་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་ཕན་ཐོགས་པར་བྱ་དགོས། རྒྱུན་སྲིང་ལྷོད་མེད་ངང་མི་དམངས་འཐུས་ཚོགས་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆབ་སྲིད་འཛུགས་སྐྱོང་དང་ནུས་པ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་བཅས་ལ་ཤུགས་བརྒྱབ་ནས་ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།
ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད།
ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། ཁུལ་བཅའ་སྡོད་དམག་དཔུང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། ཕྱོགས་སོ་སོའི་འབྲེལ་ཡོད་འཐུས་མི་མཇུག་སྒྲིལ་ཚོགས་འདུར་ཞུགས།། ( ཡེ་ཤེས་དང་རྒྱ་མཚོ། རྟ་མགྲིན་བཅས་ཀྱིས་བྲིས། )
