ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས5ཉིན་གྱི་ཕྱི་དྲོར་ཁོང་གནས་སའི་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་འགྲུབ་པར། དེ་བས་རྙོག་འཛིང་ཆེ་བའི་ཁོར་ཡུག་ལ་ཁ་གཏད་གཅོག་པ་དང་། དེ་བས་གཏིང་ཟབ་པའི་འགལ་ཟླ་ཐག་གཅོད་བྱ་དགོས་ཀྱིན་ཡོད། ཅང་སུའུ་སོགས་དཔལ་འབྱོར་ཞིང་ཆེན་ཆེན་པོ་བསྒྱུར་བཅོས་སྒོ་དབྱེའི་མདུན་གྲལ་དུ་གནས་པས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་པའི་ཐད་འབད་བརྩོན་བྱས་ནས་ཉམས་མྱོང་ཐོན་དགོས་ཞེས་ནན་གསུང་གནང་།
ཅང་སུའུ་འཐུས་མི་ཚོགས་པས་གྲོས་ཞིབ་ཚ་ཚ་འུར་འུར་བྱས་ཤིང་། ཚོགས་རའི་སྣང་ཉམས་འཁྲུག་ཆ་དོད། ཧྲི་ཀྲི་ཅུན་དང་། ཀྲང་ཞའོ་ཧུང་། ཧྲི་ལེ། དབྱང་ཧེང་ཅུན། ཀའོ་ཏེ་རུང་། ཀྲང་ཡུས་ཧྥེ་སོགས་འཐུས་མི་དྲུག་གིས་ཁག་སོ་སོར་བཟོ་ལས་ཅན་གསར་པར་སྐུལ་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་སྐུལ་སྤེལ། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཤུགས་རྒྱག་པ། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན། སོན་ལས་ཀྱི་དཀའ་གནད་སེལ་བ། ལུས་རྩལ་སྙིང་སྟོབས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་གཏམ་བཤད་སྤེལ་ཡོད།
ཚང་མའི་གཏམ་བཤད་ལ་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྟེ། སྲིད་གཞུང་ལས་དོན་སྙན་ཞུར་མོས་མཐུན་ཡོད་ཚུལ་བསྟན་གནང་བ་མ་ཟད། ཅང་སུའུ་ཡིས་དོན་དངོས་དང་ཟུང་འབྲེལ་གནང་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་ཡོད། ( པར་ངོས་གཉིས་པར་གཟིགས།)
