( པར་ངོས་དང་པོར་མཐུད།)
གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་དོན་སྙན་སེང་གནང་བ་རེད། སྙན་སེང་དེ་ཁྱོན་ཆ་ཤས་བཞི་ལ་དབྱེ་ཡོད་པ་སྟེ། གཅིག། 2025ལོའི་ལས་དོན་ལ་ཕྱིར་དྲན་དང་། གཉིས། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རིང་གི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན། གསུམ། 2026ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས། བཞི། 2026ལོའི་སྲིད་གཞུང་ལས་དོན་ལས་འགན་བཅས་ཡིན་པ་རེད།
ལི་ཆང་གིས་སྙན་སེང་དུ་བསྟན་དོན། 2025ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལ་འགྱུར་ལྡོག་རྙོག་འཛིང་ཆེ་བར་ཕྱིན་པའི་མདུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་དཀའ་ངལ་ཁག་གདོང་གིས་བསུས་ཏེ་མདུན་དུ་བསྐྱོད་པ་དང་འབད་བརྩོན་ཆེར་བསྐྱེད། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ལ་སྐུལ་འདེད་གཏོང་ཞིང་། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བཅས་བྱས་པས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་ལས་འགན་གཙོ་བོ་ཁག་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་ལས་འགན་བདེ་བླག་ངང་ལེགས་འགྲུབ་བྱུང་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད།
ལི་ཆང་གིས་སྙན་སེང་དུ་བསྟན་དོན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་ལ་འཁྱོལ་བ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལོ་གཅིག་རིང་གཙོ་བོ་གཤམ་གསལ་གྱི་ལས་དོན་བསྒྲུབས་ཡོད་པ་སྟེ། གཅིག་ནི་སྔར་ལས་དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་སྤྱི་ཁོག་སྲིད་ཇུས་ལག་ལེན་བསྟར་ནས། དཔལ་འབྱོར་འཁོར་སྐྱོད་བརྟན་པོ་ཡོང་བར་ཤུགས་བརྒྱབ་པ་དང་། གཉིས་ནི་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་བ་རྒྱུན་འཁྱོངས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བཙུགས་ཡོད། གསུམ་ནི་བསྒྱུར་བཅོས་སྒོ་དབྱེ་སྔར་བས་མཐར་ཕྱིན་བཏང་ནས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་ཡོང་བར་བྱས་ཡོད། བཞི་ནི་གྲོང་འདུས་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། གྲོང་ཡུལ་ས་ཁོངས་མཐུན་སྦྱོར་གོང་འཕེལ་ཡོང་བར་སྐུལ་སྤེལ་བཏང་ཡོད། ལྔ་ནི་དམངས་འཚོ་འགན་སྲུང་ལ་དམ་འཛིན་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཀྱི་བྱ་གཞག་གོང་འཕེལ་ཧུར་ཐག་བཏང་ཡོད། དྲུག་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ། སྦགས་མེད་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། བདུན་ནི་སྲིད་གཞུང་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་བརྒྱབ་པ་དང་། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དང་འཐུས་སྒོ་ཚང་དུ་བཏང་ཡོད།
ལི་ཆང་གིས་སྙན་སེང་དུ་བསྟན་དོན། འདས་ཟིན་པའི་ལོ5ཡི་ནང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་འགོ་ཡག་པོ་བཙུགས་ཡོད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི《རྩ་གནད》ནང་གཏན་ལ་ཕབ་པའི་དམིགས་ཚད་གཙོ་བོ་ཁག20དང་། འཐབ་ཇུས་ལས་འགན་གལ་ཆེན17དང་། ལས་གྲྭའི་རྣམ་གྲངས་གལ་ཆེན102བཅས་རྣམ་པར་རྒྱལ་བའི་ངང་ལེགས་འགྲུབ་བྱུང་ཡོད།
ལི་ཆང་གིས་སྙན་སེང་དུ་བསྟན་དོན། 《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་བཟོ་རྒྱུའི་སྐོར་གྱི་གྲོས་འགོ》གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་(འཆར་ཟིན)》བཟོས་ནས། ཚོགས་ཆེན་ལ་ཞིབ་བཤེར་བྱ་རྒྱུར་ཕུལ་ཡོད། ཏང་ཀྲུང་དབྱང་གི《གྲོས་འཆར》ནང་ཁ་གསལ་བཏོན་པའི་དམིགས་འབེན་གཙོ་བོ་ལག་བསྟར་དོན་ལ་འཁྱོལ་བར། 《རྩ་གནད(འཆར་ཟིན)》ནང་དམིགས་ཚད་ཞིབ་ཕྲ་གཙོ་བོ་ཁག20བཏོན་ཡོད། ཁྱབ་ཁོངས་བགོས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་རྒྱས་པར་བཤད་པ་སྟེ། ཕྱོགས་བཞི་འབུར་དུ་ཐོན་པར་བྱས་པ་སྟེ། གཅིག་ནི་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བ་འབུར་དུ་ཐོན་པ་དང་། གཉིས་ནི་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་སྟོབས་ཆེར་གཏོང་བ་འབུར་དུ་ཐོན་པ། གསུམ་ནི་མི་དམངས་ཡོངས་མཉམ་དུ་ཕྱུག་འབྱོར་ཡོང་བར་སྐུལ་་བ་འབུར་དུ་ཐོན་པ། བཞི་ནི་འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་འབུར་དུ་ཐོན་པ་བཅས་རེད། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དམིགས་འབེན་ལས་འགན་དོན་ཐོག་འཁྱོལ་བར་སྐུལ་བར་དམིགས་ནས། འཐབ་ཇུས་རང་བཞིན་དང་། འདྲུད་འཐེན་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཏེ། 《རྩ་གནད་(འཆར་ཟིན)》ནང་ཕྱོགས6ཐད་ཀྱི་ལས་གྲྭ་གལ་ཆེན་ཁག109བཏོན་ཡོད།
ལི་ཆང་གིས་སྙན་སེང་དུ་བསྟན་དོན། ད་ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་འབེན་གཙོ་བོ་ནི། དཔལ་འབྱོར4.5%ནས5%བར་འཕར་སྣོན་ཡོང་བ་དང་། དོན་དངོས་ལས་དོན་ཁྲོད་མཇུག་འབྲས་དེ་བས་ལེགས་པ་ཐོབ་པའི་བརྩོན་ལེན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་ཐུབ་པའི་ལས་ཀ་ཤོར་ཚད5.5%ཡས་མས་ལ་ཚོད་འཛིན་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་ཁྲི1200ཡན་གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད2%ཡས་མས་ཟིན་པ་བྱ་རྒྱུ། གྲོང་མིའི་ཡོང་འབབ་འཕར་སྣོན་དང་དཔལ་འབྱོར་འཕར་སྣོན་གཉིས་གོམ་མཚུངས་ཡོང་བ་བྱ་རྒྱུ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཆ་ནས་དོ་སྙོམས་ཡོང་བ་བྱ་རྒྱུ། འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ཡས་མས་ཟིན་པ་བྱ་རྒྱུ། རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྡེ་ཚན་རེ་རེའི་དབྱང་གཉིས་ཐཱན་འགྱུར་འབུད་བཤངས་བྱེད་ཚད3.8%ཡས་མས་ཆག་པ་བྱ་རྒྱུ་བཅས་སོ།།
ལི་ཆང་གིས་སྙན་སེང་དུ་བསྟན་དོན། ཏང་ཀྲུང་དབྱང་གིས་ད་ལོའི་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་མཛད་ཡོད་པས། ང་ཚོས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ནས་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས་པ་སྟེ། རྒྱལ་ནང་གི་ཁྲོམ་ར་སྟོབས་ཆེན་འཛུགས་སྐྱོང་ལ་ཤུགས་བརྒྱག་རྒྱུ་དང་། སྒུལ་ནུས་གསར་པ་གསོ་སྤེལ་དང་སྟོབས་ཆེར་གང་མགྱོགས་གཏང་རྒྱུ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་དང་རང་སྟོབས་རང་སྤེལ་མགྱོགས་སུ་གཏང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་བསྒྱུར་བཅོས་རྒྱུན་མཐུད་ངང་མཐར་ཕྱིན་གཏང་རྒྱུ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་སྔར་བས་རྒྱ་སྐྱེད་གཏང་རྒྱུ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏང་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ས་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་རྒྱུ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཤུགས་སྔར་བས་ཆེ་རུ་གཏང་རྒྱུ། ཕྱོགས་ཡོངས་ནས་སྦགས་མེད་རིགས་བསྒྱུར་ལ་སྐུལ་འདེད་མགྱོགས་སུ་གཏང་རྒྱུ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་དང་བདེ་འཇགས་ནུས་པ་འཛུགས་སྐྱོང་ལ་ཤུགས་བརྒྱག་རྒྱུ་བཅས་སོ།།
སྙན་སེང་དུ་ལི་ཆང་གིས་ད་དུང་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་དང་། མི་རིགས་དང་ཆོས་ལུགས། ཕྱིར་སྡོད་རང་མི་བཅས་ཀྱི་ལས་དོན། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་གྱི་གོང་འཕེལ་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ། དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་སོགས་ཀྱི་ཐད་གསལ་འགྲེལ་གནང་ཡོད།
གྲོས་ཚོགས་ཀྱི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་གྱིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་འཆར་ཟིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སེང་དང2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་འཆར་གཞིའི་འཆར་ཟིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སེང་དང་། དེ་བཞིན2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་བྱས་ཡོད།
རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་གིས་ཁག་བགོས་ནས་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་སྐོར་གྱི་གསལ་བཤད་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད། རྒྱལ་ཁབ་གོང་འཕེལ་འཆར་འགོད་བཅའ་ཁྲིམས་ཀྱི་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གནང་ཡོད།
སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་གི་འཆར་ཟིན་སྐོར་གྱི་གསལ་བཤད་ནང་དུ་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལམ་ལུགས། ལག་ལེན་གྱི་གྲུབ་འབྲས་བཅས་ཁྲིམས་གཞུང་ཅན་གྱི་རྣམ་པའི་ཐོག་ནས་གཏན་ལ་ཕབ་སྟེ། སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ཡོད་པས། དེར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་མཛུབ་སྟོན་དགོངས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། “གཏན་འཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི་”ཆེ་རུ་གཏོང་བ་དང་། “བློ་སྤོབས་བཞི་”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པར་བྱེད་པ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་སྙིང་དོན་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་ཡོང་བ་རྒྱུན་འཁྱོངས་པ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང་“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། སྔར་ལས་འཐུས་སྒོ་ཚང་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་པ་དང་། ཆུ་ཚད་སྔར་ལས་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱ་རྒྱུར་དམིགས་པ། ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་དུས་རབས་ཀྱི་བླང་བྱ་དང་འཚམ་པར་བྱེད་པ། འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་སྲུང་སྐྱོང་ཆུ་ཚད་མཐོན་པོ་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་བ། རང་རྒྱལ་གྱི་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྦགས་བཙོག་འགོག་བཅོས་དང་སྐྱེ་ཁམས་སྲུང་སྐྱོང་། སྦགས་མེད་ཐཱན་ཉུང་གོང་འཕེལ་སོགས་ཐད་ཀྱི་སྐྱེ་ཁམས་ཁོར་ཡུག་བཅའ་ཁྲིམས་ཀྱི་ལམ་ལུགས་ལམ་སྲོལ་དང་སྒྲིག་སྲོལ་ཚད་གཞི་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་རྩོམ་སྒྲིག་བཟོ་བཅོས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཁྲིད་སྟོན་དུ་བྱས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པ། མི་དམངས་ཀྱི་འདོད་བློ་མཚོན་པ། རྒྱུད་རིམ་ལྡན་པ་དང་ཚད་ལྡན་མཐུན་སྦྱོར་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང་ཞིག་ཆགས་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཁྱོན་ཡོངས་ནས་འཛུགས་སྐྱོང་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་དུ་འཐུས་སྒོ་ཚང་བའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འགན་སྲུང་བྱ་དགོས་པ་དེ་ཡིན། གསལ་བཤད་གཞིར་བཟུང་། འཆར་ཟིན་དེར་ཁྱོན་ལེ་ཚན5དང་དོན་ཚན1242ཡོད་ཅིང་། ཁག་སོ་སོར་སྤྱིའི་རྩ་འཛིན་དང་། སྦགས་བཙོག་འགོག་བཅོས། སྐྱེ་ཁམས་སྲུང་སྐྱོང་། སྦགས་མེད་ཐཱན་ཉུང་གོང་འཕེལ། བཅའ་ཁྲིམས་ཀྱི་འགན་འཁྲི་དང་ཞར་བྱུང་དོན་ཚན་བཅས་ཡོད།
མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་དུ་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ཁ་ཕྱོགས་ལ་གཞི་རྐང་འཛུགས་པ། རྩ་ཁྲིམས་ཀྱི་གཏན་འབེབས་དང་རྩ་དོན། སྙིང་དོན་བཅས་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་བའི་བཅའ་ཁྲིམས་གཏན་ལ་ཕབ་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད་ཅིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་བར་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་བཅས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་མི་རིགས་ལས་དོན་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལམ་ལྷོངས་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུ་གཙོ་ཐིག་ཏུ་བྱེད་པ་བཅས་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། འཆར་ཟིན་དེར་གླེང་གཞིའི་ཐོག་ས་བཅད་བདུན་ཡོད་པའི་རྣམ་པ་སྤྱད་ཡོད་ཅིང་། ཁྱོན་དོན་ཚན64ཡོད་པ་རེད།
རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་འཆར་ཟིན་སྐོར་གྱི་གསལ་བཤད་ནང་དུ་བསྟན་དོན། དུས་ཡུན་རིང་པོའི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་ལམ་ལྷོངས་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་གཏན་ལ་ཕབ་ནས་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ལས་དོན་གྱིས་རྒྱུན་འཁྱོངས་བྱ་དགོས་པའི་མཛུབ་སྟོན་བསམ་བློ་དང་རྩ་དོན་གྱི་འདུ་ཤེས་ཁ་གསལ་བཟོ་བ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་འགོད་དང་། ཞིབ་བཤེར། ཆོག་མཆན། ལག་བསྟར། དེ་བཞིན་ལྟ་སྐུལ་སོགས་ཀྱི་ལས་རིམ་ཞིབ་ཕྲ་ལ་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པའི་གཏན་ལ་ཕབ་སྟེ། ཁྲིམས་སྐྱོང་གི་བགྲོད་ལམ་ཐོག་ཚན་རིག་དང་མཐུན་པའི་སྒོ་ནས་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཟོ་འགོད་དང་ལག་བསྟར་ནུས་ལྡན་བྱེད་པར་ལམ་ལུགས་ཀྱི་འགན་སྲུང་ནུས་ལྡན་བྱས་ཡོད། ཁྲིམས་འཛུགས་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ཁག་གི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ། མི་དམངས་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་ལེན་བསྟར་བ། དུས་ཡུན་རིང་པོ་དང་ལྷག་པར་དུ་དུས་རབས་གསར་པའི་ཚུན་གྱི་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ལས་དོན་གྱི་ལམ་ལྷོངས་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། རྩ་ཁྲིམས་གཞི་འཛིན་སར་བྱས་ནས་ལོ་མང་རིང་སྤྱོད་གོ་ཆོད་པའི་བྱེད་ཐབས་དེ་བཅའ་ཁྲིམས་ལམ་ལུགས་ཀྱི་ཚད་གཞིར་གཏན་ལ་ཕབ་པ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་གང་ཐུབ་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཀྱི་འཐབ་ཇུས་ཁྲིད་སྟོན་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱེད་པ། རྒྱལ་ཁབ་ཀྱི་ལམ་ལུགས་བཟང་ཆ་དང་བཅོས་སྐྱོང་ཕན་ནུས་སྔར་ལས་ལེགས་པར་འདོན་སྤེལ་བྱ་དགོས། འཆར་ཟིན་དེ་ས་བཅད6ལ་དབྱེ་ཡོད་ཅིང་། ཁྱོན་དོན་ཚན38ཡོད།
ཀྲུའུ་ཞི་སྟེགས་བུར་ད་དུང་ཝང་དབྱི་དང་། དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་གོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ལི་ཧྥེང་། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་རྨིན་ཨར། ཡོན་ཅ་ཅུན། ཧོང་ཁུན་རྨིན། ལིའུ་ཅིན་གོ ཝང་ཞའོ་ཧུང་། ཀྲང་ཧྲེང་རྨིན། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲེན་གཡོད་ཡུའེ། ཝང་ཡུང་། ཀྲོའུ་ཆང་། འཕགས་པ་ལྷ·དགེ་ལེགས་རྣམ་རྒྱལ། ཧོ་ཧོའུ་ཧྭ། ལིའང་ཀྲེན་དབྱིན། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཤིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཤིན། ཡང་ཀྲེན་སོགས་ཡོད།
ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལི་ཅ་ཁྲའོ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ་ཚོགས་འདུར་ཟུར་ཞུགས་གནང་བ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སྲིད་གྲོས་ཨུ་ཡོན་ཚོགས་ཆེན་ལ་ཟུར་ཞུགས་གནང་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། བཅིངས་འགྲོལ་དམག་གི་འབྲེལ་ཡོད་ཚན་པ་དང་དྲག་ཆས་ཉེན་རྟོག་དཔུང་སྡེ། མི་དམངས་ཚོགས་པ་ཁག་བཅས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣ་ཚོགས་ཆེན་ལ་ཟུར་ཞུགས་གནང་བའམ་ཟུར་ཉན་གནང་ཡོད།
ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་ཕོ་ཉས་ཚོགས་ཆེན་ཟུར་ཉན་གནང་ཡོད།
(ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་བོད་སྐད་རླུང་འཕྲིན་ལས་དྲངས།)
