国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རྒྱང་རིང་གི་ཆུང་ མ་དྲན་པ།

མུན་པའི་ཀློང་དུ།

མཆོད་མེ་རྐོང་བུ་ཞིག་བསྒྲོན་ཏེ།

ཁུ་སིམ་མེར་སྡོད་དུས།

ཞེ་རུ་འཁྱིལ་ཡོང་བ་ནི་ཆུང་མ་ཁོ་ན་རེད།

འུ་གཉིས་ཀྱི།

འབྲེལ་གཏུགས་ཀྱི་ཟམ་པ་ཆུང་ཆུང་།

གློ་རྡེག་མུ་ཏིག་བཞིན་ཕྱོགས་བཞིར་ཐོར་ཡང་།

རི་བོ་འདིའི་ཚུ་རོལ་ཏུ།

ཕྱིར་མིག་གི་ཁྲུས་ལ་རོལ་བའི།

ཁྱོད་རང་དྲན་བཞིན་པའི་ང་ཡིས།

མཛེས་སྡུག་གི་དབྱར་གཞུང་ཞིག་སེམས་ཀྱིས་འཚོས་ཡོད།

མཁའ་ལ་ཡང་ཡང་འཕྱོ་བའི།

མཚན་ལམ་རིང་མོ་རླུང་བུས་ཤིག་ཤིག་བསྒུལ་ཏེ།

ཡུན་རིང་གི་དྲན་གདུང་དང་རེ་སྒུག་ཡུག་གཅིག་ཏུ་བསྲེས་པའི།

མོའི་རྨི་ལམ་གྱི་སྐྱེད་ཚལ་རྨེག་མེད་གཏོང་ཨེ་ནུས་སྙམ།

དེ་ལྟར་སྙམ་དུས།

སྙིང་ལ་བྲེད་ཤ་ཞིག་ཀྱང་ཆུ་མིག་བཞིན་བསྟུད་མར་རྡོལ་ཡོང་།

སུ་ཡི་མགོ་ཐོག་ཏུ་ལྷུང་བར་མངོན་པའི་བྲེད་ཤ་འདི་ཡང་།

ཞིབ་ཏུ་བསམས་ན།

ལོ་ཟླའི་ཞགས་སྣེ་རུ་ལྗིད་ཏིག་གེར་འདྲུད་ཀྱིན་པའི།

མོའི་བྲེད་ཤ་མ་ཡིན་ནམ།

༼ ཞོ་ར་བསམ་འགྲུབ་རྒྱལ། ༽