国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མ་ཡུམ་ལགས།

མ་ཡུམ་ལགས། ལོ་ཟླས་ཁྱེད་ཀྱི་བཞིན་རས་ལ་རྒས་གཉེར་དོད་དུ་བཅུག་འདུག།

འཇིག་རྟེན་འདིའི་བརྩེ་བ་མ་ལུས་ཡོངས་སུ་རྫོགས་པ་ཁྱེད་ཀྱི་བྱམས་བརྩེ་དང་མཐུ་འོག་ནས་བསྐྱངས་ཏེ་བཀའ་དྲིན་འདི་ནམ་ཡང་བརྗེད་ཐབས་མེད་པ་ཤེས་དགོས། ཁྱེད་ཀྱི་ལང་ཚོ་དང་འཆར་སྒོ་ཡོད་ཚད་སྔོན་མ་དང་བསྡུར་ན་ཧ་ཅང་ངུ་མ་དགོད་ཀྱི་སྣང་བ་ཞིག་སྟེར།

ད་ལྟ་ང་ཡི་ངག་སྒོ་དང་མཐོང་ལམ་གྱི་བྱ་དངོས་མཐའ་དག་སེམས་པའི་ནང་ཁོག་བརྒྱུད་དེ་ཁྱེད་ཀྱི་ནང་སེམས་སུ་སྔོག་འདོན་བྱས་ཡོད། དྲོད་ཀྱིས་བཏབ་པའི་སྨོན་འདུན་གཙང་མ་དེ་ཡང་སེམས་ཁོང་དུ་ཉར་ཡོད། སྐྱེ་བ་འདིར་ཁྱེད་ཀྱི་བུ་རུ་གྱུར་པའང་ཚེ་སྔོན་གྱི་བསོད་ནམས་ཤིག་ལ་སྒོམ་ཡོད། འཚོ་བའི་སྐྱིད་སྡུག་གི་རླུང་ཁ་ནས་ཁྱེད་ཀྱི་ན་ཚོད་ལ་རྒས་ཆ་ཕོག་པ་ང་ཡིས་རྟོགས་ཡོད། མ་ཡུམ་ལགས།

ལས་དབང་གི་ཁྱིམ་གཞིས་འདི་ནི་ལྐོག་གྱུར་གྱི་གསང་བ་ཞིག་སྟེ། ཁྱེད་ཁོ་ནས་གསང་བའི་སྒོ་མོ་ཕྱེ་སྟེ་ངུ་སྙིང་གི་ཀློང་དུ་བཙུད་པའི་སྡུག་ཡུས་དང་མཆི་མ་འབྱིན་བྱེད་ཀྱིས་སྐྱོ་བ་དེ་དག་ཁྱེད་ཁོ་ནས་བཟོད་བསྲན་བྱས་ཤིང་ཕྲག་ཏུ་བླངས་ཏེ་རང་ཁྱིམ་འདི་ལ་འོད་སྣང་གི་ཟླ་བ་ཞིག་ཚེས་སུ་བཅུག། དེ་ནི་ཁྱེད་ཀྱི་བཀའ་དྲིན་དང་ནུས་མཐུ་ཡིན། དཀའ་ལས་གཏད་སོང་། མ་ཡུམ་ལགས།

གནམ་འོག་འདི་ན་ཁྱེད་ལས་གཞན་འགྲན་ཟླ་བྲལ་བའི་སྐྱེས་མ་སུ་ཞིག་ཡོད་དམ། ཆུང་བའི་དུས་ནས་ད་བར་དུ་ཟིལ་ཤུགས་ཀྱིས་ཁེངས་པའི་སྤོབས་པ་ཆེན་པོ་སྟེ་ཡལ་མ་མྱོང་ལགས་ན། ངེད་ཚོའི་ཁྱིམ་གཞིས་དང་སྤུན་ཚོའི་ཚེ་སྲོག། ཚེ་སྲོག་ལ་དབུགས་རྒྱུན་སྤྲོད་མཁན། ལམ་སྟོན་དང་མདུན་ལམ་ལ་འོད་སྣང་སྦྱིན་མཁན་མ་ཡུམ་ཁྱེད་རང་ལགས་ཏེ། ཁྱེད་ལ་འཇིག་རྟེན་འདིའི་ཟད་པ་མེད་པའི་ཆར་རྒྱུན་དང་མཚུངས་མེད་ཀྱི་དཔའ་གདེང་མངའ།

མ་ཡུམ་ལགས། ལོ་ཟླ་ག་ཙམ་ཞིག་འགོར་ན་ཡང་། ད་དུང་ཁྱེད་ཀྱིས་བཞིན་རས་ལ་འཛུམ་མདངས་རྒྱས་འདུག། རྒྱུ་འབྲས་མིག་བཞིན་བརྩི་སྲུང་བྱེད་པའི་མ་ཡུམ་ཁྱེད་ཀྱི་ལམ་དང་འཚོལ་སྙེག་རེ་རེ་ནི་ཁོ་བོའི་སེམས་ཁོང་གི་གླེང་མི་ཚར་བའི་གཏམ་རྒྱུད་དང་རྨིས་མི་ཚར་བའི་རྨི་ལམ་ཞིག་དང་ཇི་འདྲའི་མཚུངས་ཨང་།

ལུས་ངག་ཡིད་གསུམ་ནས་གུས་པ་བཅས་ཁྱེད་ལ་དགའ་མགུ་ཡི་རངས་ངང་ཕུལ་བ་ལགས། མ་ཡུམ་ལགས།

༼ རྒྱ་ཚང་སྨོན་ལམ། ༽