གཤིས་སྤྱོད་ལྷ་ཡི་ངང་ཚུལ།།
འགྲོགས་ན་འདྲིས་ཤིང་བྱམས་པ།།
མཇལ་ན་ཡིད་དབང་འཕྲོག་པ།།
ང་ཚོ་རིགས་ཀྱི་མཛངས་མ།།
ཞལ་རས་ལག་གིས་མ་བཅོས། །
ཟླ་བའི་སྤྱན་རས་མངའ་བཞིན། །
རང་བྱུང་དོད་པའི་ཞལ་རས། །
ཁྲ་ཆུང་མིག་ཏུ་མཛའ་བྱུང་། །
མཆུ་སྒྲོས་བུམ་པའི་ལྟོ་བར། །
དམར་བའི་རྫས་དེ་མ་བྱུགས། །
རང་བཞིན་སྣུམ་པའི་མདངས་དེ། །
འདོད་པའི་ཁ་མཆུ་སྡུད་བྱུང་། །
ཞལ་རས་འཛུམ་དཀར་ཟླ་བ། །
ལྷོད་བར་ངང་ཚུལ་ཕྱུག་དུས། །
མཛེས་པའི་མདངས་ཤིག་མངོན་བྱུང་། །
སྙིང་ཆུང་དམར་པོ་འཕྲོག་སོང་། །
ཐེངས་རེར་མཐོང་བས་མི་ངོམ། །
མི་ཚེ་གཏན་འགྲོགས་བསམ་ཡོད། །
ལས་ཀྱི་བཀོད་པ་འདུག་ན། །
མཉམ་དུ་ཁ་ཕྱོགས་འཚོལ་འགྲོ། །
དབུ་སྐྲ་ལྕང་ལོ་ངང་ཚུལ། །
མཛེས་པ་རྒྱབ་ཏུ་སྐྱོད་དུས། །
དགའ་བའི་ཉམས་ཤིག་དོད་ལ། །
མཛའ་བའི་གར་དུ་བསྡོངས་འདུག །
སྐུ་ལུས་བོད་ཡུལ་སྐྱེས་ཏེ། །
ལང་ཚོ་ཡུལ་ནས་རྒྱས་ལ། །
རིགས་རུས་སེམས་སུ་འཛིན་པའི། །
ང་ཚོ་བོད་ཀྱི་མཆོག་ནོར། །
སྲོལ་རྒྱུན་འབྲོག་གི་འཚོ་བ། །
དཀའ་དང་ངལ་བས་བསྐྱངས་ནས། །
གཡང་ཁྱིམ་སེམས་ཀྱིས་སྐྱོང་བཞིན། །
རིགས་ཀྱི་སྲོག་ཤིང་ལྷ་མོ། །
སེམས་པ་བལ་ལས་དཀར་ཞིང་། །
ཞི་དུལ་བག་འཇམ་ལྡན་བཞིན། །
བརྩེ་བ་སེམས་རྒྱུད་དྲངས་པས། །
ང་ཚོ་རིགས་ཀྱི་སྲས་མོ། །
གཡང་ཁྱིམ་ནང་གི་ལྷ་མོ། །
ཁྱིམ་ཚང་སྐྱོང་བའི་མནའ་མ། །
རིགས་རུས་གང་ལས་གཙང་བའི། །
བོད་ཀྱི་གཅེས་ཕྲུག་ཡིན་རེད། །
༼ སྙན་རྐང་གླིང་། ༽
