བརྩེ་བ་མེ་བཞིན་དྲོད་པའི་ན་ཆུང་མ།།
དུང་བ་མཚོ་བཞིན་ཟབ་པའི་ན་ཆུང་མ།།
བརྩེ་དུང་འཁོར་བའི་གྲོང་གི་ན་ཆུང་མ།།
ཁྱོད་ནི་འཇིག་རྟེན་འདི་ཡི་བདག་མོ་རེད།།
ཕྱི་ཐག་གཙང་པོ་བཞུར་བའི་ན་ཆུང་མ།།
ཁྲེལ་གཞུང་དམ་ཚིག་གཙང་པའི་ན་ཆུང་མ།།
ཁྲེལ་དང་ཕྱི་ཐག་རིང་བའི་ན་ཆུང་མ།།
ཁྱོད་ནི་བརྩེ་བ་ཅན་གྱི་མ་ཡུམ་རེད།།
སྡུག་ལ་བཟོད་བསྲན་ཅན་གྱི་ན་ཆུང་མ།།
སྐྱིད་ལ་དགོད་འཛུམ་ཅན་གྱི་ན་ཆུང་མ།།
སྐྱིད་སྡུག་ཉམས་མྱོང་ཅན་གྱི་ན་ཆུང་མ།།
ཁྱོད་ནི་ཕོ་སྐྱེས་ཡོངས་ཀྱི་དུང་ས་ཡིན།།
ལང་ཚོ་མེ་ཏོག་འདྲ་བའི་ན་ཆུང་མ།།
ཞལ་རས་ཟླ་བ་འདྲ་བའི་ན་ཆུང་མ།།
མཛེས་སྡུག་ཡིད་དུ་འོང་བའི་ན་ཆུང་མ།།
ཆགས་ཞེན་རྨི་ལམ་འཁོར་བའི་གཞི་མ་ཡིན།།
ཁྱོད་ནི་ཡིད་དུ་འོང་བའི་མེ་ཏོག་ཡིན།།
ཁྱོད་ནི་སྙིང་དུ་སྡུག་པའི་མཛའ་མོ་ཡིན།།
མི་ཡི་ཡུལ་དུ་མི་ཡི་འབྱུང་ཁུངས་ཡིན།།
མི་སེམས་དམར་པོའི་བརྩེ་བ་འཁྱིལ་ས་ཡིན།།
༼ རྡོ་རྗེ་ཐར་ལམ། ༽
