国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསུམ་བརྒྱད་བུད་མེད་ དུས་ཆེན་བསུ།

བུད་མེད་མི་རིགས་ཤིག་གི་རྩ་བ་ཡིན།།

བུད་མེད་ཚེ་སྲོག་ཅིག་གི་བདག་མོ་ཡིན།།

བུད་མེད་འཇིག་རྟེན་ཞིག་གི་བྱེད་པོ་ཡིན།།

བུད་མེད་གནམ་སའི་བར་གྱི་སྦྲེལ་ཐག་ཡིན།།

བུད་མེད་ཤེས་ལྡན་དགེ་རྒན་དམ་པ་ཡིན།།

བུད་མེད་བྱམས་ལྡན་བརྩེ་བའི་ཨ་མ་ཡིན།།

བུད་མེད་ཚུལ་ལྡན་རིགས་ཀྱི་སྲུང་མ་ཡིན།།

བུད་མེད་བློ་ལྡན་ཁྱིམ་གྱི་ཀ་རྟེན་ཡིན།།

བུད་མེད་སྒྱུ་འཕྲུལ་ནང་གི་གར་མ་ཡིན།།

བུད་མེད་སྤང་ལྗོངས་སྟེང་གི་མེ་ཏོག་ཡིན།།

བུད་མེད་ཤོག་ཐང་ངོས་ཀྱི་མཛེས་རིས་ཡིན།།

བུད་མེད་རླབས་ཆེན་སྙིང་གི་མ་ཡུམ་ཡིན།།

བུད་མེད་མ་བཅོས་མདང་གི་ཁ་བ་ཡིན།།

བུད་མེད་ལྷད་མེད་ཉི་མའི་འོད་ཟེར་ཡིན།།

བུད་མེད་ཟླ་མེད་མཛེས་པའི་དཔེ་མཚོན་ཡིན།།

བུད་མེད་མཚར་སྡུག་སྟོང་གི་རྨི་ལམ་ཡིན།།

བུད་མེད་ལས་ནི་བྱང་ཆུབ་སེམས་དཔའ་བྱུང་།།

བུད་མེད་ལས་ནི་རྒྱལ་ཁབ་གཙོ་འཛིན་བྱུང་།།

བུད་མེད་ལས་ནི་མི་ཡི་རིགས་འདི་བྱུང་།།

བུད་མེད་ལས་ནི་ཁྱོད་དང་ང་ཡང་བྱུང་།།

བུད་མེད་ཤེས་རིག་རྒྱན་གྱིས་སྤྲས་པར་ཤོག།

བུད་མེད་བདེ་ཐང་ངང་གིས་འཚོ་བར་ཤོག།

བུད་མེད་ཁེ་དབང་རང་གིས་བསྐྲུན་པར་ཤོག།

བུད་མེད་སྙིང་རུས་སྟོབས་ཀྱིས་ཡར་ལོངས་ཤོག།

བུད་མེད་འཇོན་མེད་མིན་པས་སློབ་སྦྱོང་བྱོས།།

བུད་མེད་རིགས་དམན་མིན་པས་མགོ་བོ་ཁྱོགས།།

བུད་མེད་མདོ་མེད་མིན་པས་དོན་བཟང་སྒྲུབས།།

བུད་མེད་ཡོད་དོས་རང་ཉིད་རྒྱལ་བར་བརྩོན།།

བུད་མེད་དུས་ཆེན་ལྷག་བསམ་དྲོན་མོས་བསུ།།

བུད་མེད་དུས་ཆེན་ཁ་གཡང་གཙང་མས་བསུ།།

བུད་མེད་དུས་ཆེན་སྙན་ངག་བཅུད་ཀྱིས་བསུ།།

བུད་མེད་དུས་ཆེན་ཁ་མིན་དོན་གྱིས་བསུ།།

༼ གངས་ཆབ་ལྷ་སྲས། ༽