བརྩེ་སེམས་པ་ཏྲའི་རི་མོ་ཞེ་གཏིང་ནས་མ་ཡལ། །
ལས་བརྩོན་འབད་པའི་རྒྱུན་ཐག་ཆད་སྲོལ་ནི་མི་འདུག །
མི་ཚེའི་བདེ་སྡུག་ངེས་མེད་རླུང་ནང་གི་མེ་ལྕེ། །
གང་དུ་འཁོར་ཡང་སེམས་ཤུགས་ཡོད་དགུ་ཡིས་འཚོ་མཁན། །
བྱམས་པའི་ཐུགས་ཡིད་དཀྱིལ་ན་ཡིབ་མེད་དུ་བཞུགས་པའི། །
ན་གཞོན་བརྒྱ་སྟོང་ཁྲི་ཡི་མིག་གོང་གི་མཛེས་སྡུག །
སྲིད་པའི་གངས་དཀར་རི་བོའི་ཕ་མཐའ་ན་བཞད་པའི། །
དགྱེས་འཛུམ་ཚེམས་ཕྲེང་བསྟར་བའི་ཨ་ཅག་གིས་གསོན་དང་། །
འདུན་མའི་ལམ་ཆུང་གཏད་ནས་རེ་བ་ལ་སྙེག་དུས། །
སྙིང་དབུས་པདྨ་འཛུམ་པའི་སྐྱེད་ཚལ་གྱི་ནང་ནས། །
གསར་བཞད་འཇོ་སྒེག་ལྡན་པའི་ལུས་ཕྲ་ཡི་གདོང་ལ། །
མ་བཅོས་དུང་ཟླ་དཀར་པོའི་རང་མདངས་དེ་ཕོག་གདའ། །
མཐོན་པོའི་གསེར་ཁྲི་མ་ཐོབ་ཉམ་ཆུང་དུ་ལུས་ཀྱང་། །
དམའ་མོའི་སྡུག་ཡུས་ཁུར་ནས་འཚོ་བ་དེའི་ཅི་ཆོག །
ཀུན་གཉོམ་བརྩེ་བའི་བསམ་བཟང་འཁྲུངས་པ་ནི་མེད་ཀྱང་། །
འཛུམ་དཀར་མེ་ཏོག་བཞད་པའི་མཆོག་མ་ལ་སྨོན་ཆོག །
སྲིད་པའི་གཞིས་ཁྱིམ་ནང་ནས་ཁུར་པོ་ཞིག་ཁུར་ནས། །
མཛེས་སྡུག་གཡུ་ཡི་ཐང་ནས་དཀའ་སྤྱད་ཀྱིས་འཚོ་བའི། །
འབྲོག་མོ་སྙིང་ལ་རྗེ་བའི་ལས་དབང་དེ་ཐོབ་པའི། །
སྐྱེས་མ་རྒས་གཞོན་ཁྱད་མེད་བདེ་སྐྱིད་ཀྱིས་ཁེངས་ཤོག །
དགོན་ཆེན་དགོན་ཆུང་ནང་ནས་ཕ་མ་ལ་གཉོར་ཞིང་། །
སྡེ་ཆེན་སྡེ་ཆུང་དབུས་ནས་སྲོལ་རྒྱུན་ལ་འབད་པའི། །
དྭངས་སྨན་མཛངས་མའི་ལས་འཕྲོ་ཅི་དགར་དུ་ཐོབ་པའི། །
རང་རེའི་མཛེས་མ་ཐམས་ཅད་ལོ་བརྒྱ་བར་འཚོ་ཤོག །
འདང་ཆེན་རང་ས་བསྐྱུར་ནས་གཞན་ཡུལ་དུ་བགྲོད་ཅིང་། །
ངག་ནས་ཕ་སྐད་མ་ཡིག་བཅོས་མིན་གྱིས་རྡོལ་བའི། །
སློབ་མ་རང་ཚུགས་ཅན་གྱིས་བསོད་ནམས་དེ་ལྡན་པའི། །
ན་ཆུང་བུད་མེད་ཡོད་ཚད་སྐར་ཚོགས་བཞིན་འཚེར་ཤོག །
དེ་དག་གཙོར་བྱས་ན་ཆུང་མཛེས་སྡུག་གི་བུ་མོ། །
ཀུན་གྱིས་འཚོ་བའི་ལམ་ཁ་སྔར་ལས་ཀྱང་ཡག་ཅིང་། །
ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་དང་བཅས་ཏེ། །
གསུམ་བརྒྱད་དུས་བཟང་ཉིན་ལ་འདི་སྐད་ཅེས་སྨོན་པས། །
ས་སྟེང་ལྷ་མི་མགུ་བའི་བྱམས་བརྩེ་ཡིས་ཁེངས་ཤོག །
སྐྱེ་རྒུ་མི་ཚོགས་དགྱེས་པའི་ལང་ཚོ་ཡིས་འཛུམ་ཤོག །
ཀུན་ཀྱང་ལུས་བདེ་སེམས་སྐྱིད་བདེ་ལེགས་ཀྱིས་འཚོ་བའི། །
སྨོན་པའི་ཚིག་གི་ཕྲེང་བ་འདི་ཙམ་ཞིག་སྤེལ་ལོ། །
༼ ཁམས་ཟླ་སྲས། ༽
