国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་ཁུལ་དུ་བཅའ་སྡོད་ཁེ་ལས་པའི་གླེང་མོལ་ཚོགས་འདུར།

གོ་སྐབས་དམ་འཛིན་དང་རྒྱ་སྐྱེད་གསར་གཏོད་བྱས་ཏེ། སྲིད་གཞུང་དང་ཁེ་ལས་ཀྱིས་སེམས་མཐུན་མཉམ་ཤུགས་བཏོན་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་གཏོད་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས3ཉིན་ཁུལ་དུ་བཅའ་སྡོད་ཁེ་ལས་པའི་གླེང་མོལ་ཚོགས་འདུ་དར་མདོ་གྲོང་ཁྱེར་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཞིང་། ཞིང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ་དང་། ཁུལ་དུ་བཅའ་སྡོད་ཁེ་ལས་དང་ཁེ་ལས་པ་རྒྱ་ཆེན་གྱིས་གོ་སྐབས་དམ་དུ་བཟུང་ནས་ངར་ཤུགས་སྒྲིམ་པ་དང་རྒྱ་སྐྱེད་གསར་གཏོད་ཀྱིས་་སྒུལ་ཤུགས་བསྣན་ཏེ། སྲིད་གཞུང་དང་ཁེ་ལས་ཀྱིས་སེམས་མཐུན་མཉམ་ཤུགས་བཏོན་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་གསུང་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་ཚོགས་འདུར་ཞུགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང2025ལོའི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་བརྒྱུད་བསྒྲགས་བྱས།

གླེང་མོལ་ཚོགས་འདུར་ཁེ་ལས8ཀྱི་འགན་འཁུར་བས་སྤེལ་རེས་གཏམ་བཤད་བྱས། ཚང་མས་བསམ་ཚུལ་དང་མྱོང་ཚོར། འཕེལ་རྒྱས་བཅས་གླེང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་སྲིང་ལེགས་ཕྱོགས་སུ་འགྲོ་བ་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་འགྲོ་བར་སྐུལ་བ་སོགས་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཀྲའོ་པོ་ཡིས་ཁེ་ལས་པའི་གཏམ་བཤད་ལ་ནན་ཏན་ངང་གསན་ཞིང་། ཚང་མ་དང་གླེང་མོལ་སྤེལ་རེས་བྱས་ཏེ་འབྲེལ་ཡོད་རྫོང(གྲོང་ཁྱེར)དང་སྡེ་ཚན་ལ་ཞིབ་འཇུག་ནན་ཏན་དང་དོན་ཚན་རེ་རེ་བཞིན་ཐག་བཅད་དེ་ཁེ་ལས་ཀྱི་དོ་ཁུར་ལ་དུས་ཐོག་ཏུ་ལན་གདབ་དགོས་པའི་བླང་བྱ་བཏོན་པར་མ་ཟད། ཁུལ་ཨུ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་མཛད་ནས་ཁུལ་དུ་བཅའ་སྡོད་ཁེ་ལས་དང་ཁེ་ལས་མཁས་ཅན་གྱིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་འབུར་ཐོན་ཕུལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་རེད།

ཀྲའོ་པོ་ཡིས་ཁུལ་དུ་བཅའ་སྡོད་ཁེ་ལས་དང་ཁེ་ལས་པ་རྒྱ་ཆེན་གྱིས་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་ཁེ་ལས་འཕེལ་རྒྱས་ལ་བློ་རྩེ་གཅིག་ཏུ་གཞོལ་ཏེ་མ་དངུལ་འཇོག་པ་དང་ཤེས་ལྡན་མི་སྣ་འདྲེན་རྒྱ་ཆེ་རུ་བཏང་ནས་མ་སྐུལ་དང་བླངས་ཀྱིས་ཕན་ཚུན་གསབ་རེས་རང་བཞིན་དང་མཐུན་སྦྱོར་རང་བཞིན་ལྡན་པའི་སྤུས་ལེགས་ཁེ་ལས་ཁག་གཅིག་དཀར་མཛེས་ཁུལ་དུ་གཞིས་ཆགས་པར་ངོ་སྤྲོད་དང་སྣེ་ཁྲིད་བྱ་དགོས་ཞེས་ཐུགས་རེ་གནང་བ་རེད།

ཀྲའོ་པོ་ཡིས་རིམ་ཁག་སྡེ་ཚན་ཁག་གིས“གཡོ་འགུལ་སྤུ་ཙམ་མི་བྱེད་པ་གཉིས”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་དོན་ལ་འཁྱོལ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་ཁེ་ལས་པར་བརྩི་འཇོག་དང་གཅེས་སྐྱོང་། རྒྱབ་སྐྱོར་བཅས་ཀྱི་སྣང་ཉམས་བཟང་པོ་བསྐྲུན་ཏེ་ཤུགས་ཡོད་རྒུས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་དགོས་ཞེས་ནན་གསུང་གནང་།

འབྲེལ་ཡོད་མི་སྣ་གྲོས་ཚོགས་སུ་ཞུགས་ཡོད།།

(ལྷ་འཛོམས་ཀྱིས་བསྒྱུར།)