国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ནགས་རྩྭ་མེ་འགོག་མེ་ཟོན་དུས་སྐབས་གལ་ཆེན་དུ“མེ་ཟོན་ལས་དོན”ཇི་ལྟར་སྤེལ་དགོས་སམ།

དཔྱིད་ཀ་ནི་སྔར་ནས་བཟུང་ནགས་རྩྭ་མེ་ཟོན་སྔོན་འགོག་གི་དུས་སྐབས་གལ་ཆེན་ཞིག་ཡིན་ཞིང་། དྲོད་ཚད་བསྐྱར་དུ་འཕར་བ་དང་ཆར་ཆུ་ཉུང་བ། དཔྱིད་རྨོའི་ཐོན་སྐྱེད་དང་ལྗོངས་ཁུལ་ཡུལ་སྐོར་སོགས་ཉེན་ཁ་གཅིག་འདུས་པས་མེ་ཁུངས་དོ་དམ་ཚོད་འཛིན་གྱི་གནོན་ཤུགས་ཆེ་རུ་ཕྱིན་ཡོད།

ཇི་ལྟར་བྱས་ནས་ཕྱི་རོལ་གྱི་མེ་ཁུངས་དོ་དམ་ཚོད་འཛིན་ལ་སྔར་བས་ཤུགས་བརྒྱབ་ནས་མིས་བཟོས་པའི་བྱེད་སྒོ་ལས་བྱུང་བའི་ནགས་རྩྭ་མེ་སྐྱོན་སྔོན་འགོག་བྱ་དགོས་སམ། འཚུབ་བསྟུན་དོ་དམ་པུས་སྤྱི་ཟླ2པའི་ཚེས27ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཡོད།

འཚུབ་བསྟུན་དོ་དམ་པུའི་གསར་འགྱུར་དྲིལ་བསྒྲགས་སིའི་སི་ཀྲང་ཧྲེ་ཀྲན་ལིས “2025ལོར་རྒྱལ་ཡོངས་ཀྱི་ནགས་རྩྭ་ལ་མེ་སྐྱོན་ཐོན་ཚད་ལོ་རྒྱུས་ཐོག་དམའ་ཤོས་ཡིན་པ་དང་ལོ་ཧྲིལ་པོར་མེ་སྐྱོན་ཐེངས226ཐོན་པ་དང་གནོད་འཚེ་ཕོག་པའི་ནགས་རྩྭའི་རྒྱ་ཁྱོན་སྤྱི་ཆིང4971ལ་ཟིན་ཡོད། འོན་ཀྱང་ད་སྔར་ནགས་རྩྭ་མེ་ཟོན་སྔོན་འགོག་གི་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བ་ཞིག་ཡིན་པ་རིག་པ་དྭངས་གསལ་གྱིས་ཤེས་དགོས་ཟེར། སྔོན་དཔག་བྱས་པར་གཞིགས་ན། འདི་ལོ་རྒྱལ་ཡོངས་ཀྱི་ནགས་རྩྭའི་མེ་སྐྱོན་དུས་བབ་ལ་སྤྱིའི་ཆ་ནས“ལྷོ་བྱང་གལ་ཆེན་མཉམ་འཛིན”གྱི་རྣམ་པ་ཐོན་པ་དང་། རྒྱུན་སྲོལ་ལས་བརྒལ་བའི་ཐལ་དྲགས་པའི་གནམ་གཤིས་ཉིན་བཞིན་མང་དུ་འགྲོ་བ་དང་། མེ་སྐྱོན་གྱི་ཉེན་ཁ་མུ་མཐུད་ཆེ་རུ་འགྲོ་བ། ཉེན་ཁ་སྔོན་འགོག་དང་མངོན་མེད་རྐྱེན་ངན་ལ་གཟབ་དགོས་པ་རེད།

“མེ་འགོག་ལས་དོན”ཇི་ལྟར་བསྒྲུབ་དགོས་སམ། འཚུབ་བསྟུན་དོ་དམ་པུའི་ལྟ་ཞིབ་ཚད་ལེན་མེ་ཟོན་སིའི་སི་ཀྲང་དབྱང་ཞུས་ཏུང་གིས་འགག་རྩ་ནི་དོ་དམ་ཚོད་འཛིན་དང་། སྔོན་བརྡ། དྲིལ་བསྒྲགས་སློབ་གསོ་བཅས་ལ་ཐུག་ཡོད་ཟེར།

“གནད་ལ་འཁེལ་བའི་མེ་ཁུངས་དོ་དམ་ཚོད་འཛིན་ལག་ལེན་བསྟར་ཏེ་དུར་མཆོད་མེ་དང་། ཞིང་ལས་ཐད་མེ་སྤྱོད། ནགས་འབྲོག་ཁུལ་གྱི་ཨར་ལས་མེ་སོགས་ཕྱི་རོལ་དུ་སྤྱོད་པའི་མེ་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། ཐོ་འགོད་སྙན་སེང་ཞུ་བ་དང་ཞིབ་བཤེར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་དགོས། ཐོ་འགོད་སྙན་སེང་ཞུ་བའི་མེ་སྤྱོད་པའི་བྱ་སྤྱོད་ལ་ལས་སྒྲུབ་མ་བྱས་གོང་གི་མེ་ཟོན་སློབ་གསོ་དང་ལག་ལེན་བསྟར་རིང་གི་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱག་དགོས། དབྱང་ཞུས་ཏུང་གིས་མེ་སྐྱོན་ཆེ་བའི་དུས་མཚམས་སུ་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ལ་མེ་སྐྱོན་བཀག་སྡོམ་གྱི་བཀའ་རྒྱ་ཁྱབ་བསྒྲགས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཕྱི་རོལ་དུ་སྤྱོད་པའི་མེ་མཐའ་དག་གཏན་འགོག་ནན་པོ་བྱ་དགོས།

སྔོན་ཚུད་ཉེན་བརྡའི་ཐད་སྲུང་སྐར་ལྟ་ཞིབ་ཚད་ལེན་དང་། མཁའ་འགྲུལ་སྐོར་སྐྱོབ། བརྙན་ལམ་ལྟ་སྐུལ་ཚོད་འཛིན། སྟེགས་བུ་རྒྱང་ལྟ། ས་ངོས་སྐོར་ཞིབ། གླེང་ཕྱོགས་ལྟ་ཞིབ་ཚད་ལེན་སོགས་ཀྱི་བྱ་ཐབས་ཕྱོགས་བསྡུས་སྤྱད་དེ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་ཁྱབ་རྒྱ་དང་གནད་འཁེལ་ཚད་དེ་དང་ཆབས་ཅིག་དྲིལ་བསྒྲགས་སློབ་གསོ་སྤེལ་ནས་ནགས་རྩྭ་མེ་ཟོན་ནང་དོན་གྲོང་སྡེའི་སྒྲིག་སྲོལ་དམངས་ཆིངས་ནང་འཇུག་པ་དང་སྒྲིག་འགལ་མེ་སྤྱོད་ཐེར་འདོན་ལ་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་ནུས་ལྡན་ཁྱབ་གདལ་བཏང་ནས“ནགས་ཚལ་མེ་ཟོན་མི་ཚང་མར་འགན་འཁྲི་ཡོད་པའི”འདུ་ཤེས་མི་སེམས་སུ་འཇགས་པར་བྱ་དགོས།

འབྲེལ་ཡོད་ཁྲིམས་སྲོལ་ལག་ལེན་བསྟར་རྒྱུ་ནི“མེ་ཟོན་ལས་དོན”བརྟན་པོ་སྒྲུབ་པའི་འགན་ལེན་གལ་ཆེན་ཞིག་རེད།

དབྱང་ཞུས་ཏུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2026ལོའི་སྤྱི་ཟླ་དང་པོའི་ཚེས1ཉིན་ནས་བཟུང་ལག་ལེན་བསྟར་བའི《ནགས་རྩྭ་མེ་ཟོན་སྔོན་འགོག་སྲོལ་ཡིག》ནང་མེ་སྐྱོན་སྔོན་འགོག་དང་། མེ་སྐྱོབ། གེགས་རྗེས་གཙང་བཤེར་སོགས་ཐད་གསར་གཏོད་ཕྲན་བུ་བྱས་ཡོད། ལས་ཀའི་བྱེད་ཕྱོགས“སྔོན་འགོག་གཙོ་བོར་འཛིན་པ་དང་། རྩ་མེད་ཧུར་ཐག་གཏོང་བ། ཚེ་སྲོག་གོང་དུ་བཀུར་བ། བདེ་འཇགས་ཨང་དང་པོར་འཇོག་པ”བཅས་སུ་ལེགས་སྒྲིག་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ཁབ་ནས་ས་གནས་བར་དང་། དོན་གྲོས་མཐུན་སྦྱོར་སྒྲིག་གཞི་ནས་སྲིད་གཞུང་སྡེ་ཚན་བར་གྱི་འགན་འཁྲི་ལས་བགོས་སྔར་བས་ཁ་གསལ་བཟོས་ནས་གཅིག་སྡུད་གཅིག་གྱུར་གྱི་མེ་ཟོན་བཀོད་འདོམས་མ་ལག་བཙུགས་ཏེ་མེ་ཟོན་བདེ་འཇགས་དེ་སྔར་བས་གལ་འགངས་ཆེ་བའི་གནས་བབ་ཏུ་བཞག་ཡོད་། དབྱང་ཞུས་ཏུང་གིས“ང་ཚོས་དྲིལ་བསྒྲགས་ལག་ལེན་དམ་འཛིན་བྱས་ནས་ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བ་དང་བཟོ་བཅོས་བརྒྱག་རྒྱུར་བསྐུལ་ནས་བླང་བྱ་ཞིབ་ཕྲ་དང་འཐུས་ཚང་དུ་བཏང་སྟེ་ནགས་རྩྭ་མེ་ཟོན་ལས་དོན་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་རྒྱུ་ཡིན”ཞེས་བཤད།། ( ཀུན་དགས་བསྒྱུར།)