གཅིག་བསྡུས་དྲིལ་བསྒྲགས་སེམས་སུ་འཇགས་ཤིང་ཤེས་དཔལ་འདུ་ཤེས་ཁྱིམ་ཚང་ཡོངས་ལ་ཁྱབ།
སྤྱི་མཚན་དུ་གྱུར་པའི་དོན་ཚན་རེ་རེ་མང་ཚོགས་ཀྱིས་གོ་ཐུབ་པ་དང་སློབ་སྦྱོང་བྱེད་འདོད་པའི་བྱ་སྤྱོད་ཀྱི་ཚད་གཞིར་ཇི་ལྟར་བསྒྱུར་དགོས། རྫོང་ཁག་གིས་དྲིལ་བསྒྲགས་བྱ་ཡུལ་དུ་དོན་དངོས་དང་མཐུན་པའི་བྱེད་ཐབས་སྤྱད་ནས《སྲོལ་ཡིག》མི་སེམས་སུ་འཇགས་པར་བསྐུལ་བ་རེད།
དར་མདོའི་མཛའ་གཞས་ཐང་ཆེན་དུ“ལེ་ཧྥེང་གི་སྙིང་སྟོབས་རྒྱུན་འཛིན་དང་ཤེས་དཔལ་ལག་ལེན་མཐར་ཕྱིན་གཏང་རྒྱུ”གཙོ་དོན་དུ་བྱས་པའི་གཅིག་བསྡུས་དྲིལ་བསྒྲགས་བྱེད་སྒོར་ཡུལ་མི་མང་པོ་ཞུགས་ཡོད། བྱེད་སྒོ་དེ་མང་ཚོགས་ཀྱི་འཚོ་བའི་དོན་དངོས་ལ་དམིགས་ནས་ཡ་རབས་ཡུལ་སྐོར་དང་། ཡ་རབས་འགྲིམ་འགྲུལ། ཡ་རབས་གསོལ་ཅོག། དྲྭ་རྒྱའི་ཤེས་དཔལ་སོགས་དྲིལ་བསྒྲགས་ཚན་པ་བཀོད་སྒྲིག་བྱས། དཔྱད་གཞིའི་ཡིག་རིགས་བཀྲམ་པ་དང་། ཡུལ་དངོས་འགྲེལ་བཤད། སྲིད་ཇུས་གསལ་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཡ་རབས་བྱ་སྤྱོད་ཀྱི་ཚད་གཞི་ཁྱབ་གདལ་བཏང་བ་དང་། ཡ་རབས་ཡུལ་སྐོར་དང་། ཉེན་མེད་འཁོར་སྐོར། བཟའ་བཏུང་གྲོན་ཆུང། རྗེས་དཔག་དྲྭ་ཞུགས་སོགས་ཀྱི་འདུ་ཤེས་དར་སྤེལ་གཏོང་བ་དང་ཡ་རབས་སྤྱོད་ལྡན་གྱི་དར་མདོ་བ་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་ཁྲིད་སྟོན་བྱས་ཤིང་། ཆབས་ཅིག་ཏུ་ཤེས་དཔལ་དང་བླངས་ཞབས་ཞུ་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་བྱ་སྤྱོད་དུས་གཅིག་ཏུ་སྤེལ་ནས་དང་བླངས་པ་ཚོས་ཁྲོམ་གཞུང་དུ་བསྐྱོད་དེ་ཡུལ་མི་ཚོར་འགྲོ་སྐྱོད་ཡ་རབས་དང་། རླངས་འཁོར་ཚད་ལྡན་འཇོག་པ། ཟུར་ལུས་གད་སྙིགས་གཙང་ཕྱགས་སོགས་ལ་ཁྲིད་སྟོན་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ལེ་ཧྥེང་གི་སྙིང་སྟོབས་ལག་ལེན་བསྟར་བ་རེད།
དཔལ་ཡུལ་རྫོང་གི་བྱེད་སྒོ་སྤེལ་ཡུལ་དུ་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གི་ལས་དོན་མི་སྣས་རྒྱ་བོད་སྐད་གཉིས་ཐོག་ནས་གསལ་འགྲེལ་དང་། བྱ་དགའ་ཡོད་པའི་ཤེས་བྱའི་དྲི་ལན། གབ་ཚིག་སོགས་མཉམ་སྐུལ་ཚན་པ་དུ་མ་བརྒྱུད་ནས་སྤྱི་པའི་སྒྲིག་ལམ་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཚད་གཞི་གོ་སླ་བའི་སྒོ་ནས་བཤད་པ་དང་། ཉག་ཆུ་རྫོང་གིས་སྡེ་ཚན་མང་པོ་བསྡུས་ནས་མཉམ་འབྲེལ“ཚོང་འགྲེམས”བྱས་ཏེ་རྒྱ་བོད་སྐད་གཉིས་ཀྱི་དྲིལ་བསྒྲགས་ཡིག་རིགས2000ལྷག་བཀྲམ་པ་དང་ལས་དོན་མི་སྣས་ངང་རྒྱུད་རིང་པོས་མང་ཚོགས་ཡ་རབས་འགྲོ་འོང་ཐུབ་པར་འགན་སྲུང་བྱས།
དེ་དང་ཆབས་ཅིག་རོང་བྲག་རྫོང་གིས“འཕྲིན་སྦྱོར་མཉམ་སྐུལ”གྱི་དྲིལ་བསྒྲགས་བྱེད་འགོ་བཙུགས། དྲྭ་ཕྱིར་ནས་དྲིལ་བསྒྲགས་ས་ཚུགས་ཀྱི་ལས་དོན་མི་སྣས་ངོ་དང་ངོ་ཐུག་ནས་དོགས་གནད་ལ་ལན་འདེབས་པ་དང་། དྲྭ་ཐོག་ཏུ“དྲྭ་ཐོག་མཛེས་མ་ལུང་པའི”སྐད་འཕྲིན་སྤྱི་ཨང་དང་ཕྱི་རོལ་གྱིLEDབརྙན་ཤེལ་ཆེན་པོ་ནས་སྤྱི་ཕན་བརྡ་ཁྱབ་ཐེངས300ལྷག་སྤེལ་ཡོད། སེར་ཤུལ་རྫོང་དང་རྟའུ་རྫོང་གི་དང་བླངས་པས་ཁྲོམ་གཞུང་དུ“དྲིལ་བསྒྲགས་ཚོང་ཁང”བཙུགས་ནས་དཔྱད་གཞིའི་ཡིག་རིགས་སྤྲད་པར་མ་ཟད། ད་དུང་ཤེས་དཔལ་གྱི་སྦྱར་ཡིག་བཀོད་པའི་དངོས་སྤྱོད་ལག་རྟགས་ཀྱང་སྤྲད་ཡོད།
དོན་ཚན་གསལ་འགྲེལ་བྱེད་པ་ནས་ཁོར་ཡུག་གཏོད་པའི་བར་དང་། ཕྱོགས་གཅིག་དྲིལ་བསྒྲགས་ནས་ཕྱོགས་གཉིས་མཉམ་འགུལ་བར་གྱི་ཤེས་དཔལ་འདུ་ཤེས་དེ་བས་ལྡན་པ་དང་རྒྱུན་སྲིང་རྣམ་པ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་འདྲེས་བཞིན་ཡོད།
དང་བླངས་ཞབས་ཞུས་མི་སེམས་གསོས་ནས་ཤེས་དཔལ་ལག་ལེན་འཚོ་བའི་ཁྲོད་དུ་བསྟར།
ལེ་ཧྥེང་གི་སྙིང་སྟོབས་ནི་ལག་ལེན་ལ་ཐུག་ཡོད། ད་ལོའི་བྱེད་སྒོའི་ཁྲོད་ས་གནས་ཁག་གིས་དང་བླངས་ཞབས་ཞུ་དང་མང་ཚོགས་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅད་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཤེས་དཔལ་ལག་ལེན་ལ་སྤྲོ་སྣང་ཆེན་པོ་ལྡན་པར་བྱས།
སི་ཁྲོན་ཞིང་ཆེན་གྱི2026ལོའི“3·5”ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་ལང་ཚོའི་དང་བླངས་མུ་འབྲེལ་གཞོན་ནུའི་དང་བླངས་ཞབས་ཞུ་དང“ལེ་ཧྥུང་ལ་སློབ་སྦྱོང་དང་བླངས་ཞབས་ཞུ། ཐུན་མོང་ཐོག་འབད་བརྩོན་བྱེད་པའི‘ལོ་ལྔའི་འཆར་འགོད་བཅོ་ལྔ་པའི’ཞིང་ཆེན་རིམ་པའི་དཔེ་སྟོན་བྱེད་སྒོ་ལྕགས་ཟམ་རྫོང་དུ་སྤེལ་འགོ་བཙུགས་པའི་ཉིན་དེར་དང་བླངས་པ་བརྒྱ་ཕྲག་ཁ་ཤས་ཞབས་ཞུ་བྱ་ཡུལ་ཁག་ཏུ་བསྐྱོད་ནས་ཞབས་ཞུ་བྱས།
བརྒྱད་ཟིལ་རྫོང་དུ་རྫོང་དང་ཡུལ་ཤོག་སློབ་གྲྭ་བཅས་རིམ་པ་གསུམ་མཉམ་འགུལ་གྱི་དང་བླངས་ཞབས་ཞུ་ཁྱོན་ཡོངས་ནས་སྤེལ་ཡོད། རྫོང་སྨན་ཁང་གི་རིགས་གཅིག་མཁས་ཅན་ཚོགས་པས་མང་ཚོགས་ལ་འོས་འགན་སྨན་བཅོས་བྱེད་པ་དང་རྫོང་ཁྲིམས་འཛིན་ཅུས་ཀྱིས་དང་བླངས་པའི་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་བ། རྫོང་གི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་དང་བླངས་པས་བང་སོའི་རྡོ་རིང་ཕྱིས་ནས་ལོ་མ་གད་སྙིགས་སོགས་གཙང་སེལ་བྱས་པ་དང་། འགྲེལ་བཤད་པས་སྔོན་གཤེགས་དཔའ་བོའི་མཛད་རྗེས་བརྩེ་སེམས་ཟབ་པོས་གླེང་ནས་གསར་བརྗེའི་གཞི་རྒྱུ་དེ་གཟབ་ནན་གྱིས་བརྒྱུད་སྤེལ་བྱེད་བཞིན་ཡོད།
འབའ་ཐང་རྫོང་དང་བྲག་མགོ་རྫོང་དུའང་དང་བླངས་ཞབས་ཞུ་པ་ཁྲོམ་གཞུང་དང་། གཞིས་ཁུལ་ཆུང་གྲས། རྒན་གསོ་ཁང་བཅས་སུ་བསྐྱོད་ནས《སྲོལ་ཡིག》རེ་རེ་བཞིན་སྒྲོག་འགྲེལ་དང་། འོས་འགན་སྨན་བཅོས། ཁང་པར་གཙང་སྦྲ་སོགས་སྙིང་ཉེ་བའི་ཞབས་ཞུ་རབ་དང་རིམ་པ་བྱས་པས་མང་ཚོགས་ལ་དྲོ་སྐྱིད་ཀྱི་ཚོར་སྣང་བྱིན་ཡོད། སྙིང་ཉེ་བའི་ཞབས་ཞུ་རབ་དང་རིམ་པ་ལས་རྒན་རྒོན་ཚོར“གཉེན་ཉེ་མིན་པ་གཉེན་ཉེ་ལས་ལྷག་པའི”དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།
རྒྱུན་རྣམ་ཕུགས་ཕན་ལྡན་པས་མི་སེམས་གསོ་བ་དང་ཤེས་དཔལ་མཉམ་ཤུགས་ཀྱིས་ཁྱིམ་གཞིས་གསར་པ་བསྐྲུན།
ལེ་ཧྥེང་ལ་སློབ་སྦྱོང་བྱ་རྒྱུ་དེ“ཉིན་གཅིག”ཁོ་ན་ཙམ་མ་ཡིན་པར“ཉིན་རྟག་པར”བསྒྲུབ་རྒྱུ་ཞིག་ཡིན་ཞིང་། ཤེས་དཔལ་ལག་ལེན་བྱེད་པར་ཡང་དེ་དང་མཚུངས་པས་ཡུན་རིང་དུ་བྱས་རྗེས་འཇོག་པ་སྨོས་མེད་རེད། 《སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཉིས་སོང་རིང་ཁུལ་ཡོངས་ཀྱི་ས་གནས་ཁག་གིས་ཕུགས་ཕན་ལམ་སྲོལ་བཙུགས་ཏེ་ཤེས་དཔལ་དར་སྲོལ་གསར་པ་དུས་བཞིར་ལྡང་བའི“དྲོ་རླུང”དུ་བསྒྱུར་ནས་དཀར་མཛེས་ཁུལ་གྱི་རི་ཀླུང་གང་སར་ལྡང་ཡོད།
སྡེ་རོང་རྫོང་གིས“དམངས་ཕན་ཞབས་ཞུ་དང་། སྲོལ་ཡིག་སྒྲོག་འགྲེལ། ཁོར་ཡུག་བཅོས་སྒྲིག”བཅས་ཀྱི་མཉམ་འདྲེས་བྱེད་སྟངས་འཚོལ་ཞིབ་བྱས་ཤིང་། རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་སུ་དང་བླངས་པ་ཚོས་ལག་ཐོགས་ཁ་པར་གྱི་གློག་གསོག་པ་དང་ཆར་གོས་དང་ཆར་གདུགས་སོགས་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་པར་མ་ཟད། ད་དུང་རྒྱ་བོད་སྐད་གཉིས་ཐོག་ནས་སྒྲོག་འགྲེལ་ཡང་བྱས་པ་རེད། ཡུལ་གྲོང་ཁག་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚུགས)གིས་དང་བླངས་པ་བསྡུས་ནས་མ་ལམ་གཙོ་བོ་དང་ཟུར་དུ་ལུས་པའི་གད་སྙིགས་ཕྱོགས་ཡོངས་ནས་གཙང་ཕྱགས་བྱས་ཏེ་ཁོར་ཡུག་གཙང་མ་བཟོས་པ་དང་སྦྲགས་མང་ཚོགས་ཀྱི་བསམ་པའི་འཁྱེར་སོ་ཡང་བཟང་ཕྱོགས་སུ་ཁྲིད་ཡོད།
རོང་བྲག་རྫོང་གི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང(ས་ཚུགས)དང་དེ་བཞིན་སློབ་གྲྭ་འབྲིང་ཆུང་ཁག་གིས་ཤེས་དཔལ་ལག་ལེན་བྱེད་སྒོ་རྒྱུན་གཏན་ལས་ཀའི་ཁྲོད་དུ་མཉམ་འདྲེས་བྱས་ཡོད། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་དང་། ཡ་རབས་འགྲིམ་འགྲུལ་གྱི་ཁ་ཏ་སློབ་སྟོན། ལེ་ཧྥེང་གི་སྙིང་སྟོབས་སྒྲོག་འགྲེལ་སོགས་ལས་བྱེད་མང་ཚོགས་དང་སློབ་མས་ལག་ཟུང་ལ་བརྟེན་ནས་ཁྱིམ་གཞིས་མཛེས་བཟོ་བྱས། བརྒྱད་ཟིལ་རྫོང་གི་སློབ་གྲྭ་འབྲིང་ཆུང་གིས“སློབ་འགོ་ཚུགས་པའི་སློབ་ཐུན་དང་པོ”རུ་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་གཙོ་དོན་སློབ་གསོ་སྤེལ་ནས་གཞོན་ནུ་ལོ་ཆུང་ལ་བྱ་བ་ཆུང་ངུ་ནས་འགོ་བཙུགས་ཏེ་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་བརྩོན་ལེན་བྱ་རྒྱུའི་ཁྲིད་སྟོན་བྱས། བྱིས་པ་ནས་དམ་འཛིན་བྱེད་པའི་འདུ་ཤེས་གསོ་སྐྱོང་དེ་རིགས་ནི་ཤེས་དཔལ་འཛུགས་སྤེལ་བྱེད་པའི་ཕུགས་ཀྱི་ཐབས་ཇུས་ཤིག་རེད།
བསྡོམས་རྩིས་བྱས་པར་གཞིགས་ན། ལོ་གཉིས་རིང་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་རིགས་ཁག་གི་ཤེས་དཔལ་ལག་ལེན་བྱེད་སྒོ་ཁྲི1.2ལྷག་སྤེལ་ནས་མང་ཚོགས་ཁྲི102.9ལ་ཁེབས་ཡོད། དཔལ་ཡུལ་རྫོང་གི་མང་ཚོགས་ཀྱིས་གཅིག་ཏུ་བསྡུས་པའི“ཡར་རྒྱས་དགེ་བརྩོན”གྱི་ཐུན་མོང་ངོས་འཛིན་བྱས་པ་དང་།ལྕགས་ཟམ་རྫོང་གིས་བསྣན་པའི་ལང་ཚོའི་སྟོབས་ཤུགས་དང་དེ་ནས་བརྒྱད་ཟིལ་རྫོང་གིས་གཅིག་ཏུ་བསྡུས་པའི“མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད”ཀྱི་སྟོབས་ཤུགས་ཆེན་པོའི་བར《སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཉིས་རིང་ཤེས་དཔལ་ལྡན་པའི་བྱ་སྤྱོད་ཚད་ལྡན་དེ་ཁྲིམས་སྐྱོང་གི་བགྲོད་ལམ་བརྒྱུད་དེ་བརྟན་པོའི་ངང་མདུན་དུ་བསྐྱོད་པ་དང་མཐར་མང་ཚོགས་ཀྱི་སེམས་སུ་རྩ་བ་ཚུགས་པ་དང་དྲན་སྐུལ་བྱེད་མི་དགོས་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་གྱུར་ཡོད་པ་བདེན་དཔང་བྱས་ཡོད།
ད་ལོའི་བྱེད་སྒོ་རབ་དང་རིམ་པ་དེ་ནི་ལེ་ཧྥེང་གི་སྙིང་སྟོབས་ལ་བརྩེ་སེམས་ཟབ་མོ་ལྡན་པའི་ཕྱིར་དྲན་བྱས་པ་ཞིག་ཡིན་ལ《སྲོལ་ཡིག》ལག་ལེན་བསྟར་ནས་ལོ་གཉིས་འཁོར་བའི་དུས་རབས་ལ་བསྟོད་བསྔགས་བྱས་པ་ཞིག་ཀྱང་རེད། ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་གོ་སྐབས་དེ་དང་བསྟུན་ནས་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་རྒྱུན་མཐུད་ངང་བསྐུལ་ནས་ཤེས་དཔལ་གྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་རིམ་གྱིས་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསམ་པའི་སྒུལ་ཤུགས་རྒྱུན་ཆད་མེད་པར་བསྣན་ཏེ་ཐུན་མོང་ཐོག་འཛུགས་སྐྲུན་དང་མཉམ་སྤྱོད་ཀྱི་ཤེས་དཔལ་གྱི་རི་མོ་གསར་པ་ཞིག་འབྲི་བཞིན་ཡོད་པ་རེད།།
( ཀུན་དགས་བསྒྱུར།)
