དུས་ཚོད་ལ་འཁྲེང་ཞེན་དང་ཕྱིར་ལྡོག་ཅི་ཡང་མེད་པར་ཉིན་རེ་བཞིན་ཕར་འདས་ཏེ་ལོ་སར་རོལ་བའི་དུས་ཚིགས་རེད་ཟེར་ནས་ཚང་མ་འུར་འུར་ཟང་ཟིང་དུ་གྱུར་འདུག། དགུན་གཞུང་རིང་མོ་རེའི་ཉིན་སྲིབ་བར་ན་ང་དང་ཕ་ཡུལ་བར་གྱི་གཏམ་རྒྱུད་སྨུག་པོ་ཞིག་ལྷོད་ཀྱིས་ཆགས་ཡོད་ལ། རི་ཆུ་ཐང་གསུམ་གྱི་མཛེས་པའི་མེ་ལོང་ལ་བྱིལ་བྱིལ་བྱེད་པའི་བསམ་གཞིག་ཅིག་ཀྱང་ངང་གིས་ཚེས་འདུག།
དེ་རིང་ངས་གོམས་འདྲིས་སུ་སོང་ཞིང་དྲན་པའི་ངོགས་སུ་ཡོད་པའི་བྱིས་དུས་ཀྱི་གཏམ་རྒྱུད་ཕྲ་མོ་དེ་དག་བྲི་འདོད་སྐྱེས་བྱུང་། ནམ་རྒྱུན་དུས་ཚིགས་འདིར་སླེབས་པ་དང་། ལོ་སར་ཟེར་ནས་ཚང་མ་འུར་ཟིང་དུ་གྱུར་དུས། ངས་དྭངས་གཙང་བྱིས་དུས་ཀྱི་ལོ་སར་ལ་ཕྱིར་དྲན་ཐེངས་གཅིག་བྱེད་ན་འདོད། དེ་ནི་ང་རང་ཆུང་དུས་ཀྱི་བག་ཆགས་ཟབ་མོ་དང་འབྲེལ་བ་དམ་པོར་ཡོད་དེ། ལོ་སར་ཚེས་ལ་ཉེ་བའི་ཉིན་འགའི་ཡར་སྔོན་ནས་ལོ་སར་ཚེས་རྒྱུར་རེ་ཞིང་སྒུག་པའི་དུས་ཡུན་ཧ་ཅང་རིང་སྣང་ཆེ་བ་ཡིན་པ་ཕར་བལྟས་པ་ཙམ་གྱིས་ཤེས་སྲིད་པ་ཞིག་ག་ལ་ཡིན།
ང་ཚོའི་ཕ་ཡུལ་གྱི་ལོ་སར་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ཏེ་དགུ་ཆུང་ལོ་སར་ལ་རོལ་ཞིང་། ད་དུང་བོད་ལྗོངས་སྨན་རྩིས་ཁང་གི་རྩི་གཞི་ལྟར། བོད་ཟླ་དང་པོའི་ཚེས་པ་གཅིག་སྟེ་ལོ་གསར་པའི་ཉིན་དང་པོར་ལོ་སར་རྒྱས་པ་ཞིག་རོལ་སྲོལ་ཡོད།
ལོ་སར་མ་ཚེས་སྔོན་ལ། ལོ་སར་གྱི་གོ་རིམ་ཐམས་ཅད་ཚགས་སུ་ཆུད་པར་བྱ་དགོས་ཏེ། ཚེས་ཉེར་དགུ་ལ་ཁང་པའི་སྒོ་ཕྱི་ནང་ཀུན་ཏུ“དུད་རྒན་ཕྱགས”ཟེར་ནས་གཙང་སྦྲ་རྒྱ་ཆེར་བྱེད་པ་དང་། གྲོ་བཟོ། གྲོ་མ་བཙོ། ཆང་བསྙལ་བ་སོགས་ལོ་སར་གྱི་གྲ་སྒྲིག་གམ་སྟ་གོན་ཐོག་མ་དེ་ཡིན།
ཚེས་གཅིག་གི་ཞོགས་པ་ཐོ་རེངས་ཙམ་ལ་སྐྱེས་མ་ཚོ་ཡར་ལངས་ནས་གསེར་ཆུ་དང་དངུལ་ཆུ་ལེན་དུ་འགྲོ། དོན་དུ་ལོ་གཅིག་གི་ཆུའི་འགོའམ་ཕུད་བླངས་ནས་རྟེན་འབྲེལ་སྒྲིག་པ་རེད།
ཚེས་གཅིག་གི་ཞོགས་པ་སྔ་མོ་མལ་ལས་ལངས་ནས་མགོ་ཡན་ལག་གཙང་མར་བཀྲུས་རྗེས་ཚང་མས་རྒྱན་གོས་གསར་པ་རེ་ལུས་ལ་གྱོན་པའི་སྲོལ་ཡོད།
རྒན་པ་དག་གི་ཁ་རྒྱུན་ལ། ཚེས་གཅིག་གི་ཉིན་འདི་མི་ཚེ་གཅིག་གམ་ལོ་གཅིག་གི་རྟེན་འབྲེལ་བཟང་ངན་དང་འབྲེལ་བ་ཡོད་ཟེར་ནས་གཏམ་བཟང་ངན་དང་བྱ་བ་ཆེ་ཆུང་ཡན་ཆད་ལ་ཚང་མས་འཛེམ་བྱ་བྱེད་ཀྱིན་ཡོད།
དེ་ལྟར་ཆུང་དུས་ཀྱི་ལོ་སར་ཐེངས་གཅིག་རེ་ཅི་འདྲའི་སྒུག་ཡུན་རིང་ཞིང་། དེ་འདྲ་བརྗེད་དཀའ་བའི་དུས་སྟོན་ཞིག་ཡིན་མོད། ན་ཚོད་འདིར་སླེབས་དུས་ལོ་སར་ཐེངས་རེ་ནི་ཁ་འཁོར་ཡུན་ཙམ་ལ་ཚེས་ཤིང་། ལོ་ཡི་འཁོར་མོ་རེ་རེ་ནི་རྨི་ལམ་ཞིག་གི་བདེ་སྡུག་མྱངས་པ་དང་འདྲ།
ལོ་འགའ་ཞིག་གི་སྔོན་ནས་བཟུང་ང་དང་ཕ་ཡུལ་རི་ཆུ་མང་པོས་བཅད་ཅིང་ཕ་ཡུལ་ནས་དགུན་ཁ་རོལ་བའི་གོ་སྐབས་ཀྱང་རིམ་གྱིས་ཇེ་ཉུང་དུ་བུད་སོང་། ཡུལ་གཞན་ཞིག་ནས་དགུན་ཁ་བསྐྱལ་དུས། སེམས་ཀྱི་སྨུག་སྤྲིན་ནམ་ཡང་ཕ་ཡུལ་གྱི་རི་ཚོགས་ཤོར་འགྲོ་བས། ཕ་ཡུལ་ཞེས་པ་དང་། ལོ་སར་ཞེས་པ་འདི་གཏིང་རིམ་བརྟན་བརླིང་གིས་སྒལ་ཚིགས་ཤིག་དང་འདྲ་བར་ངའི་དྲན་པའི་རྩིབ་ངོས་སུ་རྟག་བརྟན་གྱིས་བཀལ་འདུག།
ལོ་རེར་ལོ་སར་ཚེས་ཀྱང་ལོ་སར་རོལ་མྱོང་མེད་ནས་ཕལ་ཆེར་མི་ལོ་ཁ་ཤས་ཤིག་འགོར་ཟིན་ལ། ལོ་སར་ལ་རེ་སྒུག་མེད་ནས་ལོ་ཤས་ཤིག་འགོར་ཟིན།
གནའ་སྔ་མོ་ཞིག་སྟེ་ལོ་སར་ལ་ཇི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་། དེང་སང་ནི་དེང་སང་སྟེ། ལོ་སར་ཡིན་ཡང་བྱིས་པ་རྣམས་ལ་ཀུ་རེ་དགོད་སྒྲ་ཆད། རྒན་པ་རྣམས་ལ་སྨོན་འདུན་སྟོང་གི་ཁ་གཡང་དབེན། དར་སྲོལ་གསར་མའི་སྣང་བརྙན་ལ་འཁྱུད་དེ་ད་ནི་དེ་དུས་དང་མི་འདྲ་བར་ཡོད་ཚད་གྱུར་འདུག། རྒྱུ་མཚན་ཅི་ཞིག་གི་ཡིན་པ་ཡང་འགྲེལ་བཤད་མ་ཐུབ།
དུས་ཚོད་ནི་དངོས་གནས་ཅི་འདྲའི་མགྱོགས་པ་ལ་ཨང་། ཤེས་མེད་ཚོར་མེད་ངང་ད་ཡང་ལོ་མཇུག་གི་དུས་དེར་སླེབས་འདུག གང་ལྟར་ལོ་གཅིག་འདི་ལྟར་རིང་ཡང་རིང་ལ་ཐུང་ཡང་ཐུང་བའི་ངང་ནས་མཇུག་རྫོགས་ལ་ཉེ་བའི་དུས་འདིར། ངས་ན་ཚོད་ཀྱི་རི་མོ་ལ་ཕྱིར་བལྟས་རེ་བྱས་ན། མཛེས་སྡུག་དང་ཟོལ་མེད་བཅས་སྙིང་ལ་ཉེ་བའི་ནར་སོན་སྟངས་ཀྱི་གོ་རིམ་གཞན་ཞིག་ཏུ་བརྩི་ཆོག། ཕྱིར་དྲན་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན་ལ། ལྷག་ཏུ་བྱིས་དུས་ཀྱི་ཕྱིར་དྲན་དེ་དག་ནི་འདས་ཟིན་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་པས་ནམ་ཡང་བརྗེད་ག་ལ་སྲིད། ང་ཚོ་མི་སུ་ཡིན་རུང་རང་རང་ལ་ནམ་ཡང་བརྗེད་མེད་ཀྱི་བྱིས་དུས་རེ་ཡོད་པ་ནི་གོར་མ་ཆག་ལ། ལ་ལའི་བྱིས་དུས་ནི་སྣུམ་ཚོན་གྱི་རི་མོ་ལྟར་མཛེས་སྡུག་ལྡན་ལ། ལ་ལའི་བྱིས་དུས་ནི་དགུན་གསུམ་གྱི་ལྷགས་རླུང་ལྟར་ཁ་དོག་བྲལ་བ་ཡིན་སྲིད།
གང་ལྟར་བྱིས་དུས་ཀྱི་འཚོ་བ་ནི་དངོས་གནས་མཚར་སྡུག་ལྡན་ལ་གླེང་རིན་ཡོད་པ་ཞིག་སྟེ། བྱིས་དུས་དང་འབྲེལ་བའི་གཏམ་རྒྱུད་རེ་རེ་ནི་ད་གཟོད་ཚེ་རབས་འདིར་བརྗེད་མི་སྲིད་པའི་ཤོག་ལྷེ་རེ་རེ་བཞིན་ནོ།།
༼ མེ་ཆར། ༽
