ལོ་ཟླའི་དགུན་ལྭ་མནབས་པའི་རྟ་ཕོ་ཀྱེ། །
ཉི་དྲེག་རྔོག་མར་ཕྱེས་ནས་གང་དུ་རྒྱུག །
ལས་ལྷ་རླུང་ལ་གཤིབ་པའི་བང་རྩལ་ཅན། །
བང་དར་ལྷབ་ལྷུབ་གཡོ་བཞིན་རྒྱུགས་འདི་རྨད། །
རྨི་ལམ་ནང་དུ་རྨིག་སྒྲ་ཐག་ཐག་ཐག །
འཚེར་སྐད་ལྷང་ལྷང་རི་དྭགས་འདྲོགས་འདྲ་ཞིག །
སྐྱ་རེངས་ཕྱེ་དང་ཉི་མ་ཤར་བ་བཞིན། །
མི་རེའི་མིག་མདངས་ནང་དུ་བརྒྱུགས་ནས་ཐལ། །
རྒོད་པོའི་གཤོག་པ་ཐོགས་འདྲའི་རྟ་མཆོག་དེ། །
སྤྲིན་པ་ཞོ་ལྟར་དཀྲུགས་བཞིན་མཁའ་ལ་ཤར། །
དབུ་འཕང་མཁའ་ལས་མཐོ་བའི་མེ་ཕོ་རྟ། །
སྲིད་པའི་བདེན་པ་འདྲེན་པའི་ཕོ་ཉ་ཡིན། །
ཁྲོས་པའི་ང་རྒྱལ་ཁུར་བའི་རྟ་མཆོག་དེ། །
རྨིག་པས་ས་ཤུན་འགོག་བཞིན་ས་སྒང་གནོན། །
ཏི་སེའི་ཕ་རིའི་ཚུ་རིའི་རྡུལ་དུ་འཚུབ། །
གངས་ཅན་ལུང་པར་དཔའ་བོའི་དར་ཆེན་གཡོ། །
རྣ་ཅོག་མར་གྱིས་བཤམས་འདྲའི་གཟི་བརྗིད་དང་། །
ཕུམ་ཕུམ་པིར་གྱིས་བྲིས་འདྲའི་མཛེས་སྡུག་གིས། །
མིག་ཟུང་མེ་ལྕེ་འབར་འདྲའི་ཟིལ་ཤུགས་ཀྱིས། །
མ་རིག་རྨོངས་པའི་ཆོས་ཀུན་འཇོམས་པར་བགྱིས། །
དང་ག་གཡང་གི་སྒྱེ་མོ་བརྫངས་པ་དང་། །
སོག་རྒྱབ་རི་བོའི་རྒྱུད་ལ་བལྟས་འདྲ་བ། །
རྔོག་ཆེན་རླུང་གི་དར་ཆེན་ཕྱར་བ་ཡི། །
བཅིབ་ལྡན་མེ་ཕོའི་རྟ་མཆོག་གཡང་ལྷ་བོ། །
གྲུག་ཤ་ཇ་སྒམ་བརྩིག་པའི་ཚེ་མདངས་དང་། །
དཔྱི་འགོ་རི་བོའི་གཏོས་ལྟར་བརྗིད་པ་དང་། །
རྔ་མ་རྦབ་ཆུ་བབས་པའི་ཉམས་སྣང་གིས། །
རྟ་མཆོག་རླུང་གི་ཁ་འཛིན་བང་གིས་རྒྱུག །
རྒྱུན་སྲབ་སོག་རུ་སུམ་མདུད་མ་ཐུལ་བར། །
ཁ་རུའི་ཨ་ལོང་འཕྲུལ་གྱི་རླུང་ལྟར་འཚུབ། །
སྒྲོག་གིས་མ་ཆོངས་རྨིག་བཞིའི་འཁོར་ལོ་འཁོར། །
ལྕག་གིས་མ་ནོན་རླངས་པ་མཁའ་ལ་འཕྱུར། །
༼ གཡེར་མ། ༽
