国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་སར་བཟང་།

སྐྱིད་སྡུག་གི་གོམ་ཁ་མདུན་དུ་སྤོས་ཙམ་ནས།

ལོ་སར་གྱི་ཉི་འོད་མཁའ་ལས་འཕྲོ་བྱུང་།

བུ་བསོད་ནམས་ཅན་གྱིས།

ལྷ་བསང་གི་དུ་ཞགས་དགུང་ལ་འཐེན་ནས།

འདོད་གསོལ་དང་རླུང་རྟ་མཉམ་དུ་རི་བོའི་

དབུ་རྩེ་ནས་མཆོད་བྱུང་།

ཞོགས་ཀའི་སྐྱ་མདའ་དང་ལྷན་དུ།

ལྷགས་རླུང་གི་རྩུབ་རེག་གདོང་གིས་བསུས་པའི།

སྨན་བུ་མོ་ཞིག་གིས།

དྭངས་གཙང་གི་ཆུ་མིག་ཅིག་སྟེང་ལྷ་ཡུལ་ལ་མཆོད་པ་ཕུལ་ནས།

ཡིད་དག་པའི་སྨོན་ལམ་ཞིག།

སོར་བཅུ་པད་མོ་ཡིས་བཏེགས་ཏེ།

ལོ་གསར་པའི་ཁ་གཡང་ཡང་ཡང་དུ་བོས་བྱུང་།

སྐུ་ཚེའི་བ་དན་དགུང་ལས་མཐོ་ཞིང་།

དུང་གི་ཚེམས་ཕྲེང་ལས་གངས་ཀྱི་རང་མདངས་མངོན་པའི།

བགྲེས་སོན་གྱི་རྒན་འཁོགས་མང་པོས།

ལག་ཐལ་མོ་དང་གར་སྦྱར་ནས།

ལོ་གསར་པའི་སྨོན་ཚིག་འབུལ་གྱིན་འདུག།

ཆུང་བྱིས་པའི་ཞལ་ངོ་འཛུམ་གྱིས་བཀང་ནས།

ཡིད་དགའ་བའི་རྣམ་པ་ཡོངས་སུ་ཕྱུངས་ཏེ།

སྤྲོ་སྣང་གིས་ལོ་སར་རོལ་བར་བྲེལ་གྱིན་འདུག།

ཨ། ད་ནི་ལོ་སར་ཚེས་བྱུང་།

དགུང་བསང་དུད་དཀར་པོ་ལང་ལོང་དུ་གཡོ་བྱུང་།

ཕ་མྱེས་དང་མིང་སྲིང་གི་དགོད་སྒྲ།

ཕ་ཡུལ་ལ་འཛོམས་བྱུང་།

གཡང་ཆགས་པའི་ཁྱིམ་གཞིས་ལ་དྲོད་ཁོལ་འཁྱིལ་བྱུང་།

ལོ་སར་བཟང་། ལོ་གཡང་འཁོར།

༼ གློག་འོད། ༽