རང་རིགས་ཀྱི་གདུང་རུས་འཐིམ་སའི་བོད་གངས་ཅན་ཡུལ།
རང་ཉིད་ཀྱི་ལྟེ་ཁྲག་ཐོར་སའི་ཕ་ས་ཕ་ཡུལ།
བསང་དུད་སྔོན་པོ་ཞིག་གིས་ཁྱོད་ལ་ལོ་སར་བསུ།
ཀི་བསོ་དང་ལྷ་རྒྱལ་གྱི་རེ་སྨོན་ཞིག་གིས་ཁྱོད་ལ་ལོ་སར་བསུ།
ལོ་སར་བཟང་། ལོ་སར་བཟང་།
ཚེ་དང་བསོད་ནམས་འཕེལ་བའི་ཡུལ་མི་ལགས།
ཞོགས་པའི་སྐྱ་རེངས་ཀྱིས་ཁ་གཡང་བསྒྲིགས་ཏེ།
ལོ་སར་ཚེ་གཅིག་གིས་རྟེན་འབྲེལ་མངོན་ནས།
སྐྱིད་ཀྱི་ཉི་མ་ཤར་སོང་། གཡང་གི་ལོ་སར་ཚེས་སོང་།
དེ་བས།
སྐྱིད་ཀྱི་ཉི་མ་གསར་པར་བཀྲ་ཤིས་ཤོག།
གཡང་གི་གནམ་ལོ་གསར་པར་དོན་འགྲུབ་ཤོག།
ལོ་སར་བཀྲ་ཤིས་གཡང་འཁྱིལ་གྱི་དེ་རིང་།
དུང་དཀར་གྱི་རྒྱང་འབོད་ཐོག་མས་གནམ་ལོ་གསར་པ་བསུས།
འོ་ཇ་ཡི་མཆོད་འགོ་དང་པོས་གཡང་ལོ་གསར་པ་བསུས།
གནམ་ལོ་གསར་པ། གཡང་ལོ་གསར་པ།
ཕ་ཨ་ཁུའི་ཆང་ཕོར་བཏེགས་ནས་བསུས།
མ་སྲི་མོའི་གླུ་སྐད་བཀུགས་ནས་བསུས།
ནང་ན་ཟླའི་སྨོན་ཚིག་བཤད་ནས་བསུས།
ཆུང་བྱིས་པའི་རྩེད་དགོད་ཁྲོད་ནས་བསུས།
སྐྱིད་གཞིས་ཁྱིམ་ལྷན་འཛོམས་བར་ནས་བསུས།
མདོར་དེད་ན་རྟེན་འབྲེལ་ཁྲོད་ནས་བསུས།
དེ་རིང་སྟེ།
གནམ་ལོ་གསར་ཚེས་ཀྱི་ཉིན་བཟང་འདི་ལ།
རང་རིགས་ཁ་བའི་ཡུལ་ལ།
ཚེ་རླུང་རྟ་དར་བའི་སྨོན་ལམ་འདེབས།
བློ་རིག་པ་རྒྱས་པའི་བཀྲ་ཤིས་ཤོག།
རྒྱུ་འབྱོར་བ་འཕེལ་བའི་རྟེན་འབྲེལ་འགྲིག།
རྟགས་རྟེན་འབྲེལ་ཡག་པའི་བཀྲ་ཤིས་ཤོག།
ནང་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
༼ ཁ་བ་ན་རོ། ༽
