国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་དང་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས།

ཉེ་ཆར། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བ་དང་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། རྒྱལ་དོན་ཨུ་ཡོན་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་དབྱི་ཆིན་ཚོགས་ཆེན་དུ་ཞུགས་པར་མ་ཟད་གསུང་བཤད་གནང་། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་རྒྱ་ཆེ་བའི་བུད་མེད་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་པ་རེད།

ཁྲེན་དབྱི་ཆིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཚུགས་པའི་ལོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་བུད་མེད་དབུ་ཚོགས་སུ་སྤེལ་བའི་གཙོ་དོན་གསུང་བཤད་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བའི་ལོ་དང་པོ་ཡང་ཡིན། བུད་མེད་རྒྱ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བློ་འགུགས་བླ་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དེ་ཏང་གི་རྗེས་སུ་འབྲང་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཁྲོད་ཐོག་མའི་བསམ་འདུན་ནམ་ཡང་མི་ཉམས་པར་བྱ་དགོས་པ་དང་།

ལས་འགན་ལྗིད་པོ་འཁུར་ཕོད་པ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོའི་གཙོ་དོན་ཟུང་དུ་སྦྲེལ་ཏེ། བུད་མེད་ཀྱིས་བྱས་རྗེས་འཇོག་པའི་བྱ་སྤྱོད་རབ་དང་རིམ་པ་ནང་ཧུར་ཐག་ཞུགས་དགོས་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་བྱས་རྗེས་འཇོག་བཞིན་པའི་ཁྲོད་དངོས་སྒྲུབ་འབད་སྒྲུབ་བྱ་དགོས། སྲོལ་གསར་དར་སྤེལ་བཏང་ནས་ཁྱིམ་ཚང་ཤེས་དཔལ་འཛུགས་སྐྱོང་ཁྲོད་ནུས་པ་མངོན་པར་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱིམ་ཚང་གི་ཚུགས་གཞི་བརྟན་དུ་གཏང་དགོས། སྤེལ་རེས་དཔྱད་རེས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་དབུ་ཚོགས་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་བཏང་ནས་གོ་ལ་ཧྲིལ་པོའི་བུད་མེད་ཀྱི་བྱ་གཞག་དང་འགྲོ་བ་མིའི་ཤེས་དཔལ་ཡར་ཐོན་ཡོང་བར་ཀྲུང་གོའི་བློ་རིག་བྱས་རྗེས་སུ་འབུལ་དགོས།

ཚོགས་ཆེན་དུ་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བའི་མིག་དཔེ9དང་རྒྱལ་ཡོངས་གསུམ་བརྒྱད་དར་དམར་བ598དང་། རྒྱལ་ཡོངས་གསུམ་བརྒྱད་དར་དམར་ཐུན་མོང400དང་། རྒྱལ་ཡོངས་མཛངས་མའི་ཤེས་དཔལ་ལས་གནས600བཅས་ལ་གཟེངས་བསྟོད་བྱས་པ་རེད།།

( བདེ་ཆེན་གྱིས་བསྒྱུར།)