国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དངོས་ཐོག་དོན་གཉེར་གྱིས་འཕེལ་རྒྱས་གཉེར་བ་དང་འགན་འཁྲི་ཁུར་ཞིང་གྲུབ་འབྲས་དངོས་ལ་བརྩོན་ནས་ ཀྲུང་གོའི་ལུགས་དེང་རབས་ཅན་དཀར་མཛེས་ཁུལ་གྱི་ལག་ལེན་འབྲས་བཟང་གཏོད་དགོས།

( པར་ངོས་དང་པོར་མཐུད།)

ཉེ་བའི་ལོ་ཤས་རིང་ལི་ཐང་རྫོང་གིས་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ནས་རིག་གནས་ཡུལ་སྐོར་ལས་རིགས་མཉམ་འདྲེས་འཕེལ་རྒྱས་མགྱོགས་མྱུར་དང་བརྟན་པོའི་ངང་ཕྱིན་ཡོད། ཀྲའོ་པོ་གཟིམས་ཁང་གནའ་གྲོང་ཁྲོམ་གཞུང་དུ་གནའ་ཁྲོམ་གཞུང་གི་རིག་གནས་གསར་འཆར་ཐོན་རྫས་དང་གནས་ཚང་སྤུས་ལེགས་གཉེར་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་བོད་ཡིག་ཡིག་གཟུགས་དང་ཐང་ག། ས་རྫ་སོགས་གཟུགས་མེད་རིག་གནས་ཤུལ་བཞག་གི་དམངས་སྲོལ་རིག་གནས་འགྲེམས་སྟོན་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་མཉམ་འདྲེས་དམ་ཟབ་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོར་གཞིགས་ནས་ཡུལ་སྐོར་ལས་རིགས་ཀྱི་ལས་རྣམ་རྒྱུན་ཆད་མེད་པར་གསར་གཏོད་དང་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་པོར་གཏོང་བ། རིག་གནས་ཡུལ་སྐོར་ཞབས་ཞུ་ཆ་འཕྲིན་ཅན་དང་ཨང་ཀི་ཅན། བློ་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་ཡུལ་སྐོར་བའི་སྐྱིད་སྣང་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏང་དགོས་ཞེས་ནན་གསུང་གནང་བ་རེད།

བརྟག་ཞིབ་རིང་ཀྲའོ་པོ་ཡིས་ལི་ཐང་དང་འདབ་པའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་སེང་ལ་ཉན་པ་དང་རྫོང་གཉིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གནང་། ཁོང་གིས་ལི་ཐང་རྫོང་གིས་ས་བབ་ཀྱི་ལེགས་ཆ་དང་ཐོན་ཁུངས་བཟང་པོར་དམིགས་ཏེ་ལངས་གནས་དེ་བས་མཐོ་བ་དང་། མཐོང་རྒྱ་དེ་བས་ཆེ་བ། བཀོད་རྣམ་དེ་བས་ཆེ་བ་བཅས་ཀྱིས་དཀར་མཛེས་ཁུལ་ལྷོ་རྒྱུད་ས་ཁོངས་ཀྱི་ལྟེ་གནས་ཟུར་པ་བསྐྲུན་རྒྱུའི་ཚད་དཔོག་ལ་དམིགས་ནས་ལས་གཞི་ཇུས་འགོད་ལ་ཤུགས་བསྣན་ཏེ། ལས་གཞི་དེ་བས་མང་བ་རྒྱལ་ཁབ་དང་ཞིང་ཆེན་གྱི་འཆར་འགོད་རྩ་གནད་དང་ཆེད་དོན་འཆར་འགོད་ཁག་ནང་འཇུག་པ་བརྩོན་ལེན་བྱས་ཏེ་ཤར་ནུབ་རྒྱུད་གསར་གཏོད་མཐུན་སྦྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་དང་། དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་སྦག་མེད་འཕེལ་རྒྱས་གཅིག་སྡུད་ཁུལ། སྐྱེ་ལྡན་ཞིང་འབྲོག་ལས་གཅིག་སྡུད་འཕེལ་རྒྱས་ཁུལ། རྟ་ཐོག་དཔལ་འབྱོར་དཀྱིལ་སྙིང་ཁུལ་བཅས་འཛུགས་པར་མགྱོགས་སུ་བསྐུལ་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ཁྲོད་གྲུབ་འབྲས་དེ་བས་ཆེ་བ་འདོན་གང་ཐུབ་བྱ་དགོས་པའི་བླང་བྱ་བཏོན། འདབ་པ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན་གྱི་ཕན་ཡོད་སྲིད་ཇུས་ཀྱི་གོ་སྐབས་དམ་དུ་བཟུང་སྟེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་རྒྱུ་དེ་འཐེན་ཁྲིད་བྱེད་ཡས་སུ་བྱས་ནས་འཛམ་གླིང་རིམ་པའི་གནམ་དཔྱད་ཚན་རིག་ལྟ་ཞིབ་ཚད་ལེན་དང་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དང་། དཀར་མཛེས་ཁུལ་ལྷོ་རྒྱུད་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཞིང་འབྲོག་ལས་རྟེན་གཞི་བཅས་མུ་མཐུད་བསྐྲུན་ཏེ་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཤུགས་ཡོད་རྒུས་སྐུལ་བ་དང་། སྤྱི་ཚོགས་བརྟན་བརླིང་དང་། སྐྱེ་ཁམས་སྲུང་སྐྱོང་། དམངས་འཚོ་འགན་ལེན་སོགས་གཙོ་གནད་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་མོ་རྩོམ་པ་ཁག་ཐེག་བྱ་དགོས། ཀྲའོ་པོ་ད་དུང་ཉག་རོང་རྫོང་སྤང་རི་ཟམ་པར་བརྟག་ཞིབ་ཏུ་ཕེབས་ཤིང་། ཁོང་གིས་རིག་དངོས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་བ་དང་རིག་དངོས་ཀྱི་ནང་དོན་སྔོག་འདོན་དང་། གསར་བརྗེའི་གཞི་རྒྱུ་བརྒྱུད་འཛིན། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ལ་བསྐུལ་ཏེ། ཐོན་ཁུངས་ཀྱི་ཁྱད་ཡོན་དེ་འཕེལ་རྒྱས་ཀྱི་ཁྱད་ཡོན་དང་དམངས་ཕྱུག་གི་ཁྱད་ཡོན་དུ་བསྒྱུར་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས6ནས7ཉིན་བར་ཀྲའོ་པོ་ཕྱག་ཕྲེང་དང་སྡེ་རོང་། འབའ་ཐང་། དཔལ་ཡུལ་བཅས་སུ་བརྟག་ཞིབ་ཏུ་ཕེབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་པ། ས་གནས་ཁག་གི་ཐོན་ཁུངས་བཟང་པོར་དམིགས་ནས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། དམངས་འཚོར་འགན་ལེན་དང་། བདེ་འཇགས་བརྟན་བརླིང་། སྐྱེ་ཁམས་སྲུང་སྐྱོང་སོགས་གཙོ་གནད་ལས་དོན་དམ་འཛིན་ཏན་ཏིག་བྱས་ཏེ་དངོས་སྒྲུབ་སྤྱོད་ཚུལ་འགན་སྲུང་དུ་བྱེད་ཅིང་ཁྱད་ཡོན་ཐོན་ལས་སྒུལ་ཤུགས་སུ་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཕྱོགས་ཡོངས་ནས་ཤུགས་བསྣན་དགོས་ཞེས་ནན་གསུང་གནང་བ་རེད།

ཐོན་ལས་ནི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་བའི་སྒུལ་ཤུགས་ཆེན་པོ་ཞིག་ཡིན་ཞིང་། ཕྱག་ཕྲེང་རྫོང་གི་དཀར་མཛེས་ཁུལ་ལྷོ་རྒྱུད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་གླིང་ཁུལ་དང་སྡེ་རོང་རྫོང་ཞི་ཧོ་རྒུན་འབྲུམ་འདེབས་འཛུགས་རྟེན་གཞིར་ཀྲའོ་པོ་ཡིས་ཕྱག་ཕྲེང་རྫོང་གི་ཐུན་མོང་མ་ཡིན་པའི་འཛུགས་སྐྲུན་བཟོ་བཀོད་ཉམས་འགྱུར་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མཐོ་སྒང་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཟོ་པ་དང་། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེ་ལག་ཆ་ཚང་འཐུས་ཚང་དུ་གཏོང་བ། གྲོང་ཁུལ་གྱི་བྱེད་ནུས་སྤུས་ཚད་སྤར་བ་དང་མི་སྡོད་ཁོར་ཡུག་ལེགས་སུ་བཏང་ནས་གནས་འཕྲོད་ཅིང་ལས་འཚམ་པ་དང་། ཡུལ་སྐོར་འཚམ་པའི་མཐོ་སྒང་གི་ཞིང་རའི་གྲོང་ཁྱེར་བསྐྲུན་དགོས་པར་བསྟན།

སྤྱོད་ཚུལ་ལེགས་སྐྱོང་ནི་དཀར་མཛེས་ཁུལ་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བའི་འགན་ལེན་ནུས་ལྡན་ཞིག་ཡིན། སྡེ་རོང་རྫོང་རྫོང་ཨུའི་ལས་ཁུངས་སུ་ལས་བྱེད་པར་འཚམས་འདྲིར་ཕེབས་སྐབས་ཀྲའོ་པོ་ཡིས་ཚང་མར་དམ་པ་དོན་གཉེར་དང་འགན་འཁུར་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་སྲིད་འགན་ལག་རྗེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ཅིང་། ཏང་སྐྱོང་སྟོབས་ཆེར་དང་། བརྟན་བརླིང་སྲུང་སྐྱོང། འཕེལ་རྒྱས་དམ་འཛིན། སྐྱེ་ཁམས་ལེགས་སུ་གཏོང་བ། དམངས་འཚོར་ཕན་པ་བཅས་ཀྱི་ལག་ལེན་ཁྲོད་མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་བྱས་ནས་ལས་ཀའི་གྲུབ་འབྲས་དང་ཕན་འབྲས་དངོས་ལ་བརྟེན་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་སྐས་རིམ་གསར་པར་བསླེབ་པ་བྱ་དགོས་པའི་སྐུལ་མ་གནང་།

ཁམས་ལྷོ་མི་རིགས་མཐོ་རིམ་སློབ་འབྲིང་དུ་ཀྲའོ་པོ་ཡིས“ཚོགས་སྒྲིག་ཅན”གྱི་སློབ་གསོའི་རོགས་སྐྱོར་ཤེས་ལྡན་མི་སྣར་འཚམས་འདྲི་གནང་བ་དང་ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཁོ་ཚོ་བརྒྱུད་ཁུལ་ཡོངས་ཀྱི“ཚོགས་སྒྲིག་ཅན”གྱི་རོགས་སྐྱོར་ཤེས་ལྡན་མི་སྣས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དཀའ་སྤྱད་འབད་བརྩོན་དང་སྒེར་སེམས་མེད་པའི་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་རོགས་སྐྱོར་ཤེས་ལྡན་མི་སྣ་རྒྱ་ཆེན་གྱིས་མུ་མཐུད་བློ་རིག་དང་ནུས་ཤུགས་གང་ཡོད་བཏོན་ནས་ལས་གནས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་རང་ངོས་ཀྱི་ལེགས་ཆ་བཏོན་ཏེ་དཀར་མཛེས་ཁུལ་གྱི་བྱ་གཞག་ཁག་འཕེལ་རྒྱས་གཏོང་ཆེད་ཤེས་རིག་གི་རྒྱུ་ནོར་རྩ་ཆེན་དེ་བས་མང་བ་འཇོག་པའི་ཐུགས་རེ་གནང་།

བརྟག་ཞིབ་ཁྲོད་ཀྲའོ་པོ་ད་དུང་དཔལ་ཡུལ་རྫོང་གཡས་པ་ཐང་ཆུ་ཤུགས་གློག་འདོན་ཁང་གི་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་བསྐྱོད་དེ་འབྲེལ་ཡོད་གནས་ཚུལ་རྒྱུས་ལོན་གནང་། ཁོང་གིས་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་ཞབས་ཞུ་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་ཆ་རྐྱེན་བཟང་པོ་ཧུར་ཐག་བསྐྲུན་ཏེ་སེམས་ཤུགས་གཅིག་སྒྲིལ་གྱིས་ལས་གཞི་མགྱོགས་སྐྲུན་དང་ཕན་འབྲས་ཆེ་རུ་བཏང་ནས་སྐྱེ་ཁམས་ཕན་འབྲས་དང་། དཔལ་འབྱོར་ཕན་འབྲས། སྤྱི་ཚོགས་ཕན་འབྲས་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་མགྱོགས་མྱུར་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)