国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངེས་པར་དུ་ཤེས་དགོས་པའི་ཚོགས་ ཆེན་གཉིས་ཀྱི་ཤེས་བྱ།

སྲིད་གྲོས་ཀྱི་གྲོས་འཆར་དང་མི་དམངས་འཐུས་ཚོགས་གྱི་གྲོས་གཞི་གཉིས་ཀྱི་ཁྱད་པར་གཙོ་བོ་གང་ཡིན།

ལན། སྲིད་གྲོས་ཀྱི་གྲོས་འཆར་དང་མི་དམངས་འཐུས་ཚོགས་གྱི་གྲོས་གཞི་གཉིས་ཀྱི་ཁྱད་པར་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་མཚོན་ཆོག་སྟེ། དང་པོ་ངོ་བོ་མི་འདྲ་སྟེ། མི་དམངས་འཐུས་མི་ཚོགས་ཆེན་ནི་རྒྱལ་ཁབ་ཀྱི་དབང་ཆའི་ལས་ཁུངས་ཡིན་པས་མི་དམངས་འཐུས་ཚོགས་འཐུས་མིའི་གྲོས་གཞི་དེར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་རྗེས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་དང་ལྟ་སྐུལ་ནུས་པ་ཡོད་ཅིང་སྒྲུབ་གཉེར་ལས་ཁུངས་ཀྱིས་ངེས་པར་དུ་ལག་ལེན་བྱ་དགོས། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཡིན་ཞིང་དེའི་འགན་ནུས་ལྟར་སྲིད་ཞུགས་སྲིད་གླེང་དང་གནད་དོན་གལ་ཆེན་ལ་གྲོས་འཆར་འདོན་པ་ལས་བཅའ་ཁྲིམས་ཀྱི་གཅུན་འདོམས་ནུས་པ་མེད་པ་རེད། གཉིས་པ་བྱུང་བའི་བརྒྱུད་རིམ་དང་ཐག་གཅོད་བྱེད་ཐབས་མི་འདྲ་བ་སྟེ། མི་དམངས་འཐུས་ཚོགས་ཀྱི་གྲོས་གཞི་ནི་བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ལས་ཁུངས་སམ་འཐུས་ཚབ་ཚོགས་པ་ཞིག་གམ། ཡང་ན་ཁྲིམས་འབེབས་ཀྱི་མི་གྲངས་ངེས་ཅན་ཞིག་ལ་ཟིན་པའི་འཐུས་མིས་འདོན་དགོས་ཤིང་། མི་དམངས་འཐུས་མི་ཚོགས་ཆེན་ནམ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཞིབ་བྱས་རྗེས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་ཡིན་པ་དང་། སྲིད་གྲོས་ཀྱི་གྲོས་འཆར་ནི་སྲིད་གྲོས་སུ་ཞུགས་པའི་ཏང་ཤོག་ཁག་དང་། མི་དམངས་ཚོགས་པ། ཆེད་དོན་ཨུ་ཡོན་ལྷན་ཁང་། ཨུ་ཡོན་མི་སྒེར་དང་ཡང་ན་ཨུ་ཡོན་གྱི་མིང་མཉམ་དུ་བཀོད་ནས་བཏོན་པ་དང་། དེ་ནས་སྲིད་གྲོས་ཀྱི་ལས་དོན་སྒྲིག་གཞི་སྟེ་གྲོས་འཆར་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ངམ་གྲོས་འཆར་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་བྱས་ནས་ཐོ་འགོད་བྱ་དགོས། གསུམ་པ་ནང་དོན་མི་འདྲ་བ་སྟེ། མི་དམངས་འཐུས་ཚོགས་ཀྱི་གྲོས་གཞི་ནི་ངེས་པར་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འགན་དབང་གི་ཁྱབ་ཁོངས་ནང་ཚུད་ཡིན་དགོས་ལ། སྲིད་གྲོས་གྲོས་འཆར་གྱི་ནང་དོན་ཁྱབ་ཁོངས་ནི་ཅུང་རྒྱ་ཆེན་པོ་ཡིན་པ་རེད།

འཐུས་མི་དང་ཨུ་ཡོན་ཚོས་གྲོས་གཞི་དང་གྲོས་འཆར་འདོན་པར་ཕུད་ད་དུང་ལས་ཀ་གཞན་དག་གང་ཞིག་བསྒྲུབ་དགོས་པ་རེད་དམ།

ལན། ལོ་རེའི་ཚོགས་ཆེན་གཉིས་ལ་སྙན་སེང་ཆེན་པོ་དྲུག་ཁྱབ་བསྒྲགས་བྱ་དགོས་ཤིང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྙན་སེང་ལ་གྲོས་ཞིབ་བྱ་དགོས་པ་དང་། སྲིད་གྲོས་ཨུ་ཡོན་གྱིས་གཙོ་བོར་གྲོས་བསྡུར་བྱ་དགོས་པ་རེད། སྙན་སེང་ཆེན་པོ་དྲུག་ནི། སྲིད་གཞུང་ལས་དོན་སྙན་སེང་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་དང་ལག་བསྟར་སྙན་སེང་། ནོར་སྲིད་སྔོན་རྩིས་སྙན་སེང་། མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་། མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་། མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་བཅས་རེད།།

ཚོགས་ཆེན་གཉིས་དོན་ཆེན་ཡིན་ཟེར་དོན་གང་ཡིན།

ལན། རྒྱལ་ཁབ་ཀྱི་བཅའ་ཁྲིམས་སྒྲིག་བཟོ་དང་དག་བཅོས་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་འདེམས་བསྐོ་བྱ་རྒྱུ་སོགས་རྒྱལ་ཁབ་ཀྱི་དོན་ཆེན་ཚང་མ་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་གྲོས་བསྡུར་བྱ་དགོས་པ་དང་། ཚོགས་ཆེན་གཉིས་ཀྱི་ཐོག་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིམ་པ་ཁག་གི་གྲོས་འགོ་མང་པོ་དང་འབྲེལ་ཡོད་ཡོད་ཅིང་། འདེམས་དམངས་རྒྱ་ཆེན་གྱིས་བསམ་འཆར་དང་རེ་འདུན་བཤད་པའི་གོ་སྐབས་བཟང་ཤོས་ཡིན་པ་རེད། ལོ་རེའི་ཚོགས་ཆེན་གཉིས་ཀྱི་དུས་སུ། སྲིད་གཞུང་གིས་འདས་པའི་ལོ་གཅིག་གི་ལས་ཀར་ཕྱིར་མིག་བལྟས་པ་དང་དེ་ནས་ལོ་རྗེས་མའི་སྲིད་ཇུས་གལ་ཆེན་སྙན་སེང་ཞུ་རྒྱུ་རེད། སྲིད་ཇུས་དེ་དག་གིས་མང་ཚོགས་ཀྱི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་ཅིང་མི་མང་གི་རེ་སྒུག་མཚོན་ཡོད་པ་རེད།

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཅིའི་ཕྱིར་ཟླ་བ3པར་འཚོག་པ་རེད།

ལན། ཚོགས་ཆེན་གཉིས་འཚོག་པའི་དུས་ཚོད་ནི་ཉམས་མྱོང་ཕྱོགས་བསྡོམས་དང་རྒྱུན་སྲོལ་ལ་བརྩི་སྲུང་བྱས་པའི་རྨང་གཞིའི་ཐོག་གཏན་འཁེལ་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་གལ་ཆེན་ཞིག་ནི་ལས་དོན་སྙན་སེང་དང་སྔོན་རྩིས་ལ་ཆོག་མཆན་གནང་རྒྱུ་དེ་ཡིན་ཞིང་། ལོ་རེའི་དུས་ཚིགས་གཅིག་གི་སྔོན་རྩིས་གཏོང་སྒོ་ཅུང་མང་ཞིང་ལོ་ཧྲིལ་པོའི་གཏོང་སྒོའི་གསུམ་ཆ་གཅིག་ཡིན་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱིས་སྔོན་རྩིས་ལ་ཆོག་མཆན་གནང་ཚེ་ཕྱི་འགྱངས་དེ་ཙམ་བྱེད་མི་རུང་བ་རེད། ནོར་སྲིད་ཀྱི་ལོ་འཁོར་ནི་རང་བྱུང་ལོ་འཁོར་ལ་བརྟེན་ནས་བརྩིས་པ་ཡིན་ཞིང་། གལ་ཏེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཚོགས་འདུ་སྔ་དྲགས་ན། འབྲེལ་ཡོད་དན་གྲངས་བསྡོམས་རྩིས་བརྒྱབ་མི་ཐུབ་ཅིང་། སྔ་ལོའི་གནས་ཚུལ་ལ་གཞིགས་ནས་སྔོན་རྩིས་གཏན་འབེབས་བྱ་དགོས་པས་ཡང་དག་པ་འོང་ཐུབ་ཀྱིན་མེད། ཟླ་བ3པར་འཚོག་པ་ཡིན་ན། བསྡོམས་རྩིས་དང་ཕྱོགས་བསྡོམས་བྱེད་པར་དུས་ཚོད་འདང་ངེས་ཡོད་པ་རེད། དེ་མིན་དཔྱིད་གསར་དུས་ཆེན་གྱི་གུང་གསེང་དང་འབྲེལ་བ་ཡོད་ཅིང་། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ནི་ཟླ་བ་དང་པོའི་ཟླ་མཇུག་དང་ཟླ་བ་གཉིས་པའི་འགོར་ཡིན་ཞིང་། ལོ་སར་རྗེས། འཐུས་མི་དང་ཨུ་ཡོན་རྣམས་ལ་གྲ་སྒྲིག་གི་དུས་ཚོད་བཞག་པའི་རྒྱུ་མཚན་ལ་ཡང་བསམ་བློ་བཏང་ཡོད་པ་རེད། ( སྐལ་ཐུབ་དང་ཀུན་དགས་བསྡུས་ནས་བསྒྱུར།)