国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཐོ་སྒང་གི་གློ་གཅོང་འགོག་བཅོས་བྱེད་སྟངས་གསར་པ་བྱུང་།

རྒྱལ་ཁབ་ཀྱི་ཆེད་དོན་ཞིབ་འཇུག་བྱ་གཞི་དཀར་མཛེས་རྫོང་དུ་སྤེལ་འགོ་བཙུགས།

སྤྱི་ཟླ3པའི་ཚེས8ཉིན། སི་ཁྲོན་ཞིང་ཆེན་རིམས་འགོག་ཚོད་འཛིན་ལྟེ་གནས་དང་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་གསར་ཐོན་ཐོལ་བྱུང་དང་འགོས་ནད་ཚབས་ཆེན་འགོག་ཟོན་གྱི་རྒྱལ་ཁབ་ཚན་རྩལ་ཆེད་དོན་ལས་གཞི་གལ་ཆེན《མཐོ་སྒང་རིམས་ནད་ས་ཁུལ་གྱི་གློ་གཅོང་གནད་སྨིན་འགོག་ཟོན་ལག་རྩལ་འདུས་གྲུབ་དང་ཉེར་སྤྱོད་ཞིབ་འཇུག》གི་ཞིབ་འཇུག་བྱ་གཞི་སྤེལ་འགོ་འཛུགས་པའི་ཚོགས་འདུ་དཀར་མཛེས་རྫོང་དུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ཞིབ་འཇུག་བྱ་གཞི་དེས་གློ་གཅོང་འགོག་ཟོན་གྱི་དཀའ་གནད་ལ་དམིགས་ནས།AIརམ་འདེགས་གློག་བརྙན། ཆ་རྡུལ་མཉམ་བསྲེས་ཞིབ་དཔྱད་ཚད་ལེན། སྒྲ་རིས་དབྱེ་འབྱེད་སོགས་མདུན་གྲལ་ལག་རྩལ་ནང་འདྲེན་བྱས་ཏེ། རུ་སྒྲིག་འཛུགས་སྐྲུན་དང་། ལག་རྩལ་ཚོད་ལྟ་ར་སྤྲོད། དཔལ་འབྱོར་རིག་པའི་གདེང་འཇོག། ཚོ་ཆུང་མང་པོའི་རིག་པ་དངAIབཀོལ་སྤྱོད་སོགས་ལས་འགན་གཙོ་བོ་ཚུད་ཡོད། སེར་ཤུལ་དང་གསེར་རྟ། སྡེ་དགེ། དཀར་མཛེས་བཅས་རྫོང4ལ་གནད་སྨིན་འགོག་ཟོན་གྱི་ལག་རྩལ་འདུས་གྲུབ་དང་ཉེར་སྤྱོད་ཞིབ་འཇུག་བྱ་རྒྱུ་རེད།

ཆེད་མཁས་ཚོགས་པས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ཡུལ་དངོས་སུ་དངོས་སྦྱོང་བྱེད་སྟངས་ལ་བརྟེན་ནས་འདེམས་བཤེར་བརྒྱུད་རིམ་དང་། མ་དཔེ་འཚོལ་བསྡུ། ཚོད་ལྟ་ཁང་གི་ཞིབ་དཔྱད་ཚད་ལེན། རུ་སྒྲིག་དོ་དམ་སོགས་འགག་རྩའི་གནད་ལ་བརྒྱུད་རིམ་ལྡན་པའི་གསོ་སྦྱོང་བྱས་པ་དང་འབྲེལ་ཁམས་བྱང་མི་རིགས་སློབ་འབྲིང་དང་དཀར་མཛེས་རྫོང་མི་དམངས་སྨན་ཁང་དུ་ཡུལ་དངོས་ནས་དངོས་སྦྱོང་སློབ་ཁྲིད་ཀྱང་བྱས་ཏེ་གཞི་རིམ་གྱི་ཆེད་ལས་ལག་རྩལ་མི་སྣའི་དངོས་སྦྱོང་ནུས་པ་ཆེ་རུ་ཏན་ཏིག་བཏང་ནས་ཆེད་དོན་ཞིབ་འཇུག་བྱ་གཞི་བདེ་བླག་ངང་ལག་ལེན་བསྟར་ཆེད་ལག་རྩལ་ཤེས་ལྡན་མི་སྣའི་རྨང་གཞི་བརྟན་དུ་བཏང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་དང་། ཞིང་ཆེན། རང་སྐྱོང་ཁུལ་བཅས་ཀྱིས་ད་དུང་ཆེད་མཁས་པ་མངགས་ནས་ལས་གཞི་སྒྲུབ་གནས་ཀྱི་ལས་ཡུལ་དངོས་སུ་མཛུབ་སྟོན་དང་། གསོ་སྦྱོང་། སྤུས་ཚད་ཚོད་འཛིན་བཅས་བྱས་ཏེ། ཞིབ་འཇུག་བྱ་གཞི་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བར་འགན་ལེན་ཏན་ཏིག་བྱ་རྒྱུ་རེད།།

(ཨོ་རྒྱན་གྱིས་བསྒྱུར།)