国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ངག་རིག་དབྱངས་ ཀྱི་འཕགས་མ།

ཉིན་ཞག་ཁྲི་ཕྲག་ནང་གི་རྨི་ལམ་དེ། །

སྣ་མང་འཚོ་བའི་གམ་གྱི་རླབས་རིས་ཡིན། །

དགའ་སྐྱོ་ཡོ་ལང་བྱོ་སའི་ཚོར་བའི་ཁམས། །

ལན་ཆགས་ཆོ་འཕྲུལ་སྟོང་གི་འཁོར་བ་ཡིན། །

མཐའ་མེད་རྟོག་པའི་དབྱིངས་སུ་ཉུལ་བ་དེ། །

ཞེན་ཆགས་ལས་སྐལ་དེ་ཡི་འཁྲེང་ཞེན་ཡིན། །

མདངས་ལྡན་ཡིད་ཀྱི་དགའ་ཚལ་པདྨའི་ཐང་། །

ཡིད་འོང་མེ་ཏོག་ཚོགས་ཀྱི་ལོངས་སྤྱོད་འདི། །

ཚོགས་དྲུག་ཡུལ་དུ་གད་པའི་ལྷ་ཡི་ཞལ། །

བདེ་འབྱུང་ཡིད་གར་འཕྲོག་པའི་རབ་མཛེས་མ། །

ཡིད་ལ་དུང་བ་འདྲེན་པའི་མདངས་ལྡན་ཁྱོད། །

ལས་ཀྱིས་སྨིན་པའི་སྤྱན་ཟུང་སྙིང་དུ་སྡུག །

ཚེ་ཡི་རབ་མཛེས་དྭངས་གསལ་མེ་ལོང་ངོགས། །

ཞེ་ཡི་དུངས་སེམས་ཚིག་གི་བདེན་པ་དྲངས། །

དྲན་པའི་གཙང་པོ་མཐའ་མེད་བཞུར་རྒྱུན་རིང་། །

འདང་གི་རི་མོ་འཁྱུག་པའི་སྒྱུ་འཕྲུལ་མཛེས། །

བཅོས་མིན་མདངས་ཀྱི་མཆུ་སྒྲོས་རྩེད་འཇོ་རོལ། །

བདེ་བའི་གྲོང་གི་བདུད་རྩི་སྙིང་གར་སིམ། །

བརྩེ་བའི་དབྱངས་ཀྱིས་འདང་གི་དྲན་པ་སྒུལ། །

སྙན་པའི་རྒྱུད་མངས་དྲན་པའི་གདངས་སུ་ཞུགས། །

ཡིད་མཐུན་སྙིང་གི་བརྗོད་འདོད་རིག་བྱེད་ངག །

སྙན་ངག་འཕགས་མའི་རྗེས་ཆགས་བརྩེ་བས་གཟིགས། །

ཚིག་རྒྱན་རིག་པའི་སྒྲ་དབྱངས་གྲོགས་སུ་སྦྲན། །

ངག་རིག་མེ་ཏོག་དབྱངས་ཀྱི་འཕགས་མར་མཆོད། །

༼ ཇེང་། ༽