国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་ཅན་མ།

སྟོང་གསལ་སྣང་བའི་དབྱིངས་སུ་སྤྲིན་དཀར་གྱི་གདན་དུ།།

ལུས་ཕྱེད་དར་གྱིས་བསྒྲིབས་པའི་མཆོར་སྒེག་གི་གཞོན་ནུ།།

བཅུ་དྲུག་ལང་ཚོ་རྫོགས་པའི་རྩེ་དགའ་ཡི་ཉམས་ཀྱིས།།

ཁམས་གསུམ་དུས་གཅིག་མྱོས་པའི་རོལ་གར་ལ་དགྱེས་སོ།།

འཇའ་སྤྲིན་སྣོལ་མའི་གུར་ཁྱིམ་མཚར་སྡུག་གི་ཀློང་ན།།

རྐང་སེན་མེ་ཏོག་འདབ་མ་རླབས་ཕྲེང་གིས་བཏེགས་པའི།།

དྲི་ཟའི་ཁྱད་ནོར་རྒྱུད་མངས་ཕྱག་སོར་གྱིས་སྣུན་མཁན།།

ཚངས་སྲས་དབྱངས་ཀྱི་རྒྱལ་མོ་ཡང་སྙིང་ནས་འདུད་དོ།།

ཟླ་སྟོང་ཟིལ་གྱིས་འཕྲོག་པའི་དུང་ཤར་གྱི་བཞིན་རས།།

འཛུམ་རིས་མེ་ཏོག་འདབ་མའི་ཟེའུ་འབྲུ་འདི་མཚར་བ།།

དཀྱུས་རིང་སྤྱན་གྱི་བུང་བའི་སྟངས་སྟབས་དང་ལྷན་ཅིག།

གནག་སྣུམ་སྨིན་མའི་གཤོག་ཟུང་འདར་འདར་དུ་གཡོ་བྱུང་།།

ནག་ཅིང་སྣུམ་པའི་སྐྲ་ལོ་མགྲིན་ངོགས་སུ་བཤམས་ནས།།

རིན་ཆེན་ནོར་བུའི་དོ་ཤལ་འོ་འཛིན་ལ་རེག་པ།།

ཟ་འོག་གོས་ཀྱི་ཕྱང་ཕྲུལ་གཞའ་ཚོན་ལྟར་བཀྲ་བ།།

སྐུ་ལུས་ཤེལ་དཀར་མདངས་ཀྱི་སྟོད་གཡོགས་སུ་མཛེས་འདུག།

ཕྱག་སོར་པད་མའི་འདབ་ཁ་ཡང་བ་རུ་བསྐྱོད་ཅིང་།།

འཕང་འགྲོའི་ལྟོ་བ་ཉུག་པའི་རྩེད་འཇོ་ལ་ཆུབ་པ།།

དམར་པོའི་མཆུ་སྒྲོས་བྱུ་རུའི་བུམ་ནང་གི་ཉིང་ཁུ།།

ངག་རིག་བདུད་རྩིའི་ཟེགས་མའི་དངོས་གྲུབ་དེ་སྩོལ་རོགས།།

གསེར་གྱི་གདུ་བུ་འཁྲོལ་བའི་འཇམ་མཉེན་གྱི་ཞབས་ཟུང་།།

སྟོང་ཆེན་དབྱངས་སུ་བསྒྱུར་བའི་རོལ་རྩེད་ལ་དགའ་བ།།

གཟུགས་སྐུ་ཆུ་ཤེལ་སྙེ་མ་ལྡེམ་འཕྲུལ་གྱིས་བཞེངས་པའི།།

དྲི་ཟའི་ན་ཆུང་བུ་མོའི་ཉམས་འགྱུར་འདི་རྨད་བྱུང་།།

དབྱངས་ཀྱི་ཡན་ལག་རྫོགས་པའི་གཏེར་ཆེན་གྱི་མགྲིན་བཟང་།།

ངག་རིག་བདུད་རྩི་དྭངས་མོའི་ལྟེང་ཀ་རུ་འཁྱིལ་བས།།

གྲེ་འགྱུར་ཀློང་ནས་བཞུར་བའི་སྙན་རྒུ་ཡི་ཆབ་རྒྱུན།།

མ་བཅོས་སྙིང་གིས་རོལ་བའི་སྐལ་བཟང་ཞིག་ཨེ་སྟེར།།

གསང་ཆེན་འོ་འཛིན་གླན་པའི་སྟོང་ལྡན་གྱི་པི་ཝང་།།

མཉེན་ལྕུག་སོར་མོའི་ཕྱག་འཁྲུངས་ཡང་ཡང་དུ་རེག་སྟེ།།

རབ་མཛེས་གར་དང་བཅས་པའི་ཟབ་དོན་གྱི་གླུ་དབྱངས།།

སྲིད་ཞི་དབྱེར་མེད་མཚམས་ནས་སྙན་པ་རུ་བླངས་སོང་།།

དགྱེས་ཞལ་ཉ་གང་ཟླ་བའི་མཛེས་འཛུམ་གྱི་དཀྱིལ་ན།།

ཚེམས་ཕྲེང་མུ་ཏིག་དཀར་པོ་བཀྲག་མདངས་སུ་འཚེར་བ།།

བདེ་སྟོང་ཡེ་ཤེས་རོལ་པའི་གླུ་གར་གྱི་རྒྱ་མཚོ།།

སྙན་རྒུ་དཔལ་གྱིས་རྫོགས་ཏེ་རྦ་རླབས་ལྟར་འཕྱུར་བྱུང་།།

དངོས་འཛིན་སྤྲོས་པས་མ་ཟིན་རྒྱ་མཚོ་ཡི་བུ་མོ།།

བརྩེ་ཆེན་བདུད་རྩིའི་འོ་མས་ཐུགས་རྒྱུད་དེ་བརླན་ནས།།

དམིགས་མེད་འགྲོ་ལ་སྙིང་རྗེའི་ཞགས་པ་ཡིས་བསྡམས་ཏེ།།

མ་བཅོས་གཉུག་མའི་གཤིས་གླུ་དབྱངས་རྟ་རུ་འཐེན་བྱུང་།།

རྟོག་པའི་སྤྲིན་ཚོགས་གཡོ་བའི་བདག་སེམས་ཀྱི་མཁའ་རུ།།

ཤེས་རབ་ཉི་ཟེར་ཕྲ་མོ་རྨོངས་མུན་གྱིས་བསྒྲིབས་པས།།

བསྟོད་པའི་ངག་སྒོ་དོག་པ་ཐུགས་དགོངས་ཀྱིས་མཁྱེན་ནམ།།

མཛངས་ཤིང་དཀྱེལ་ཡངས་མངའ་བའི་ཤེས་རབ་ཀྱི་ལྷ་མོ།།

མི་ཚེ་ཕྱེད་ཀ་རྫོགས་པའི་དབུགས་རྔ་འདི་དྲུད་ནས།།

ཆགས་སྡང་བྱང་ལམ་བགྲོད་པའི་བང་རྩལ་ལ་འགྲན་ནས།།

ལས་སྐལ་མེ་ལྕེ་དམར་པོས་མ་སྲེག་གི་བར་དུ།།

དོན་ལྔའི་རི་བྲག་རྩེ་མོ་ཁྱེད་ཕྱོགས་སུ་འཁོར་ཡོད།།

༼ གློག་འོད། ༽