རྟ་བདུན་ཉིན་བྱེད་ཤར་རིའི་ཕྲག་ནས་འཛུམ།
དུང་ཞེན་ཟླ་བ་སྤྲིན་པའི་མངལ་དུ་ཞུགས།།
འདབ་ཆགས་བྱ་ཚོགས་རྨི་ལམ་གཉིད་ལས་སད།།
བདག་གི་འཁྲུལ་སྣང་ཡང་ནི་དབྱིངས་སུ་དེངས།།
ཆུ་བོ་ཤང་ཤང་འབབ་པའི་བཞུར་སྒྲ་སྙན།།
ལྗོན་ཤིང་ལོ་མ་ཅན་དག་མར་མར་དུད།།
ཡངས་པའི་ས་གཞི་རྡུལ་དག་མེ་ལོང་བཞིན།།
ཆར་བའི་ཟེགས་མ་རེ་ཡང་སྙིང་ལ་སིམ།།
དྲི་བཞོན་རླུང་བུ་གདོང་ལ་རེག་ཙམ་གྱིས།།
སེམས་ཀྱི་ངལ་དུབ་རྨང་ནས་ཞིག་དང་ལྷན།།
སླར་ཡང་རྟོག་པའི་བར་གསེང་ཉུལ་བྱས་ཏེ།།
ཚིག་གི་འདབ་མ་སྒུལ་ལ་བྲེལ་ཞིང་དུངས།།
མི་དག་ཕུགས་བསམ་རེ་རེའི་སྣེ་རུ་འཇུག།
ལ་ལ་སྐྱོ་ཞིང་ལ་ལ་འཛུམ་བཞིན་མཆིས།།
འདི་ཡང་སྐྱིད་སྡུག་མཚོན་པའི་ནང་སེམས་ཀྱི།།
ལས་ཀྱི་ཨ་ཡིག་དཀར་དམར་འཚུབ་པ་འདྲ།།
ངས་ཀྱང་རང་ལ་འཚམ་པའི་ཐ་སྙད་འགའ།།
བཙལ་ཏེ་དྲན་རྟོག་གསལ་ལ་མོག་པ་ཡིས།།
འཆར་ཡན་རླུང་གི་ཚ་མོ་རི་ལ་བཏང་།།
སྙན་ཚིག་སྙིང་གི་བུ་ལ་སྙིང་གཏམ་ཞུས།།
ལས་ཀྱི་སྒོ་དར་མ་འཇགས་ཚོར་བས་གཡུག།
དྲན་པའི་གདུང་བ་ཡང་ནི་མི་འགག་སྨེང་།།
སེམས་ཀྱི་གཅོང་དྲི་སྣམ་པའི་རི་མོ་མཁན།།
དེ་རིང་ཞོགས་པའི་རི་ལྗང་ཡིད་ལ་བྲིས།།
འཁོས་འདས་བར་ན་རྒྱུ་བའི་རྣམ་ཤེས་ཀྱིས།།
རྒྱང་རིང་བས་མཐའི་མཚོ་མོ་རྒལ་ཞོར་དུ།།
ལས་འཕྲོའི་མིག་ཟུང་ནང་དུ་འཁྱིལ་བ་ཡི།།
འཁོར་བའི་གླུ་སྐད་ང་ཡི་གཏམ་རྒྱུད་བྱས།།
ཡིད་འོང་དབྱར་གྱི་རྣམ་པ་ཚུར་ཚུར་མཛེས།།
མི་ཚེའི་ཟློས་གར་སྣ་ཚོགས་ཕར་ཕར་བཞུད།།
སྐྱིད་ལ་སྡུག་པ་འདྲ་བའི་འཇིག་རྟེན་ནས།།
ཕྱི་ནང་གསང་བའི་རྣམ་ཐར་གར་དུ་འཁྲབ།།
བདག་གི་འཚོ་མདོག་མདུན་གྱི་ལྗོན་པ་འདྲ།།
སྐབས་རེ་སྐམ་ལ་ལན་རེ་ལྗང་ན་ཡང་།།
རིན་ཆེན་སྲོག་གི་རྒྱུ་བ་མ་འགག་བར།།
དེ་སྲིད་ཚོར་བའི་བཟི་ཁ་དྭངས་མི་སྲིད།།
གཞན་སེམས་སྐྱོམ་པའི་སྙན་ཚིག་དབེན་ན་ཡང་།།
རང་སེམས་དག་པའི་ནམ་མཁའ་འཛུམ་བྱེད་པའི།།
དབྱངས་གསལ་དབྱངས་ཀྱིས་བཏབ་པའི་ཤོ་ལོ་ཀ།
ཡང་ཡང་འཁྱོང་པའི་སྨོན་འདུན་སྙིང་ནས་ཞུ།།
༼ འོད་འཛིན་མ། ༽
