གདུང་བ་དེ་ནི་ཧ་ཅང་རིང་བའི་མཐར།།
དྲན་པ་ཡོད་དོ་ཆུ་དང་དབྱེར་མེད་དོ།།
ཕྱི་རོལ་ལྡང་བའི་རླུང་བུས་མ་གྲང་ཡང་།།
འཁྱག་པའི་སྣང་བ་ཞིག་གིས་ཨར་ལ་གཏད།།
ལས་འབྲས་འདི་ནས་སྨིན་པའི་ཀུན་རྟོག་གིས།།
བརྩེ་བ་སྙིང་ལ་འཁྱིལ་བའི་ཁྱོད་རང་རྙེད།།
ཐ་སྙད་ཁ་ཤས་སེམས་ཀྱི་ཟབ་སར་ཉར།།
འདོད་རྔམ་ཕྲན་བུ་ལག་པའི་མཐིལ་ནས་བརྡོལ།།
མེ་ཏོག་རང་བཞིན་རྙིད་པའི་དངངས་སྐྲག་གིས།།
ཐམས་ཅད་གང་གིས་བྱེད་ལ་འཕྱང་མོ་ཉུག།
བརྩེ་དུང་སྒྱུ་མའི་འཁོར་བ་མ་རྙེད་པར།།
བརྗོད་བྱའི་དོན་ཀུན་ཞོགས་ཀའི་བ་མོ་ཉིད།།
ཐག་སྒྲ་རེ་ནི་ལོ་དང་ཟླ་བའི་རིང་།།
བདག་གི་ཟག་བཅས་ཨམ་ཅོག་ནང་དུ་ཟེགས།།
རྨི་ལམ་གཅིག་གིས་ཕན་ཚུན་འདྲིས་ན་ཡང་།།
སྐྱ་རེངས་ཐོན་ཚེ་ལེ་དབར་སྟོང་གིས་བཀར།།
སྣང་བ་དེ་ལྟར་འཁྲུལ་བའི་ནང་རོལ་ནས།།
མི་ལུས་རིན་ཆེན་རྙེད་མཁན་གང་དག་ཡོད།།
བཟོད་མེད་སྨན་ཤར་གང་གིས་ཟུར་མིག་ལས།།
དབང་མེད་ཨ་ཇོ་ང་རང་གང་དུ་ལོག།
གདུང་བ་རི་དང་བྲག་གིས་ལེན་ནུས་ན།།
ནེམ་ནུར་མེད་པར་དབེན་པའི་གནས་སུ་རྒྱུ།།
སྐྱེ་མ་ཐག་ནས་སངས་རྒྱས་མ་ཡིན་པས།།
འདོད་པའི་བསིལ་རླུང་ལྡང་ལ་གཡོལ་ཐབས་ཅི།།
ཡུན་རིང་འདྲིས་པའི་སྙིང་གྲོགས་ངོ་ལོག་བརྒྱབ།།
དུང་སེམས་ཙན་དན་པོ་ཏི་མེ་རུ་བསྲེག།
གནམ་སའི་བར་གྱི་ཉེ་ཞོ་ཅི་ཡོད་པ།།
མི་འདོད་རང་གི་ཐོག་ཏུ་བབས་པར་གྱུར།།
དེ་ནི་ཀུན་རྟོག་ཕྲ་མོ་འཁྲུལ་བའི་ལས།།
སྔོན་ནས་བསགས་མིན་ཕྱོགས་ལ་ཡིད་གཉིས་སྐྱེས།།
ཁ་ཐག་རིང་ཡང་དྲན་པའི་ངེས་པ་དབེན།།
ལམ་ཐག་ཐུང་རུང་མི་དྲན་རང་དབང་བྲལ།།
ཆོས་ཉིད་གནས་ལུགས་གང་ཡང་མ་རྟོགས་པར།།
དབྱངས་ཅན་འཚོལ་བའི་རྡོག་ཁྲེས་དང་དུ་བླངས།།
སྙིང་ཁོག་ནད་ཀྱིས་ཟིན་པའི་བར་སྐབས་སུ།།
སྙན་ངག་ཁོ་ན་བདུད་རྩི་དྭངས་མ་ཡིན།།
སྐྱེ་བའི་དུས་སུ་རང་ཉིད་ཁེར་མོར་སྐྱེས།།
འཆི་བའི་སྐབས་སུ་རང་ཉིད་གཅིག་པུར་འཆི།།
སྐྱེ་འཆི་གཉིས་ཀྱི་གྲོང་རོང་འདི་ག་ནས།།
ཤི་ན་རྣམ་ཤེས་འཁོར་ཡུལ་སྙན་ངག་གོ།
གསོན་ན་སེམས་དང་ཁྱད་མེད་སྙན་ངག་ཡིན།།
སྙན་ངག་ཡོད་ན་སེམས་ལ་རང་དབང་ཡོད།།
༼ རྟ་མགྲིན། ༽
