ཀུན་རྟོག་ཚོར་བའི་འདབས་ནས་མེ་ཏོག་དཀར་དམར། །
འཛུམ་པའི་ནོར་འཛིན་སྒེག་མོའི་ཁུག་ལ་བཞད་པས། །
གཡེར་དྲིལ་སིལ་སྙན་འབུད་པའི་ལྷ་མོ་ཁྱེད་ལ། །
ངག་རིག་བླ་བྲེའི་མཆོད་པ་སྔར་ནས་བཤམས་ཡོད། །
རྟ་བདུན་འོད་ཀྱིས་སེལ་བའི་སྨག་རུམ་མཐུག་པོ། །
བསིལ་ཟེར་གྲང་བས་བརླན་པའི་མཚན་མོའི་གངས་ཆར། །
སྲིད་ན་སྐྱོ་བས་མནར་བའི་ཕལ་བའི་མི་ལ། །
རྗེས་ཆགས་བརྩེ་བའི་འཛུམ་དམུལ་ལན་ཅིག་སྟོན་རོགས། །
སྨེང་བ་རླུང་གིས་འཁུར་བའི་དཔྱིད་དུས་ཤིག་ལ། །
ཡིད་འོང་ཆུ་སྐྱེས་དགོད་པའི་ཚུལ་ལ་བསམས་ཏེ། །
ལང་ཚོའི་ས་ཞིང་སྣུམ་པའི་ལྗང་མདོག་དབུས་ནས། །
སྒྱུ་རྩལ་ངག་གི་དཔལ་མོར་སྙིང་གཏམ་གློད་འདོད། །
འཁོར་བའི་བྱིང་ལམ་བརྒལ་ཏེ་འཕུར་གཤོག་གཡོ་བ། །
ཞི་གནས་མལ་གྱི་གནས་སུ་སྤྲོ་དགའ་བཅས་ཏེ། །
སུམ་རྩེན་ལྷ་ཡུལ་བཞད་པའི་མཛེས་སྡུག་ཅན་མ། །
སྒྲ་དབྱངས་འགྱུར་ཁུག་ཁྲོད་ཀྱི་བདེ་འབྱུང་གཙུག་རྒྱན། །
ཚངས་པའི་སྙན་སྐུད་རིང་མོར་དམ་དུ་བཟུང་སྟེ། །
གཟུགས་སྐུའི་བཀོད་པ་མཇལ་སྙིང་ཞེ་ནས་སྤྲོ་བས། །
མཛེས་སྡུག་བླ་ན་མེད་པའི་མེ་ཏོག་ར་བར། །
ཡིད་ཀྱི་འདུན་མ་གཏད་དེ་གོམ་མཚམས་སྤོ་འདོད། །
སེམས་ཚོར་པིར་གྱིས་བྲིས་པའི་སྙན་ཚིག་རིང་མོ། །
ན་མཉམ་སྤུན་ཟླའི་ཞེ་འདང་མཚོན་ཐབས་མ་ཡིན། །
མཁའ་དབྱིངས་ཀུན་གསལ་མཐོང་གི་ངག་དབང་ལྷ་མོ། །
མཚོ་བྱུང་ཟླ་བའི་དྲུང་དུ་སྔོག་པར་བྲེལ་སོང་། །
ལྷོ་མཐའི་ངང་ཆུང་དཀར་མོ་གང་དུ་འཕུར་རྒྱུ། །
འདི་ནས་གྲངས་མེད་འཁོར་བའི་བང་རིམ་བརྒལ་ལམ། །
ཡང་ན་ཐོས་ལྡན་དབང་པོའི་ཉེས་སུ་འཁྲིས་པས། །
ཡིད་འཛིན་དྲན་པའི་གླེགས་ན་ཅི་ཞིག་འཚོལ་འགྲོ། །
ཅི་འདོད་བྱ་བའི་འདུན་མ་ཡིད་ལ་སྒོམ་ཞིང་། །
ཚུལ་འཆོས་སྐྱི་པགས་མཐུག་པོ་ལུས་ལ་བགོས་ཏེ། །
རེ་དོགས་འཁོར་བའི་ཚང་ནས་གླུ་དབྱངས་འཐེན་དུས། །
འཕྱོར་ཆེན་མཛེས་སྡུག་ཅན་པོའི་ཐུགས་ཀྱིས་སྐྱོངས་ཤིག །
འཆར་སྣང་རྟོགས་པའི་ཉམས་ལ་མེ་ཏོག་རྒུམ་པས། །
དཔྱིད་གསར་དུས་ཀྱི་མགྲོན་པོ་འཛུམ་གྱིས་ཁེངས་ཏེ། །
སྨྲ་བརྗོད་སྙིང་གཏམ་ཟབ་མོ་རྣ་བས་ཐོས་ན། །
གྲེ་བའི་སྨྱུག་གླིང་འབུད་པར་ཕེབས་རྒྱུ་ཨེ་བྱུང་། །
༼ ཁམས་ཟླ་སྲས། ༽
