( པར་ངོས་དང་པོར་མཐུད།)
ཕྱི་དྲོའི་ཆུ་ཚོད3པར། ཀྲའོ་ལེ་ཅི་ཡིས་གྲོས་ཚོགས་འགོ་བརྩམས་པ་ཁྱབ་བསྒྲགས་གནང་། གྲོས་ཚོགས་སུ་བརྡས་ཐག་བཅད་པར་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་སྲིད་གཞུང་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། གྲོས་ཆོད་ནང་བསྟན་དོན། གྲོས་ཚོགས་ཀྱིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ་རང་རྒྱལ་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་པའི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། སྙན་སེང་ནང་བཏོན་པའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དམིགས་འབེན་གཙོ་བོ་དང་ལས་འགན་གལ་ཆེན། 2026ལོའི་ལས་དོན་བཀོད་སྒྲིག་བཅས་ལ་མོས་མཐུན་བྱུང་སྟེ། སྙན་སེང་འདི་ལ་ཆོག་མཆན་འགོད་པ་ཐག་བཅད་ཡོད།
གྲོས་ཚོགས་སུ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཆོད་དུ་བསྟན་དོན། གྲོས་ཚོགས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་སྙན་སེང་ལ་མོས་མཐུན་བྱུང་སྟེ། འཆར་འགོད་རྩ་གནད་འདི་ལ་ཆོག་མཆན་འགོད་པ་ཐག་བཅད། གྲོས་ཚོགས་སུ་བླང་བྱ་བཏོན་དོན།“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་བསྐུལ་བ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཡང་དག་དང་ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་གནས་བབ་གསར་པ་མྱུར་དུ་འཛུགས་པ། བརྟན་ཐོག་ཡར་བརྩོན་གྱི་ལས་དོན་སྤྱིའི་བསམ་གཞི་རྒྱུན་འཁྱོངས་པ། དཔལ་འབྱོར་འཛུགས་སྐྲུན་གཙོ་བོར་འཛིན་པ་རྒྱུན་འཁྱོངས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བརྗོད་གཞིར་འཛིན་པ། བཅོས་བསྒྱུར་གསར་སྐྲུན་རྩ་བའི་སྒུལ་ཤུགས་སུ་འཛིན་པ། མི་དམངས་ཀྱི་ཉིན་རེར་འཕར་བཞིན་པའི་འཚོ་བ་སྐྱིད་པོར་བཅངས་པའི་དགོས་མཁོ་བསྐོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་རྩ་བའི་འགན་སྲུང་དུ་བརྩི་བ། དཔལ་འབྱོར་གྱི་སྤུས་ཀ་ནུས་ལྡན་སྒོས་མཐོར་འདེགས་དང་གྲངས་འབོར་ལུགས་མཐུན་སྒོས་འཕར་བར་སྐུལ་འདེད་གཏོང་བ། མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་བ་དང་མི་དམངས་ཡོངས་མཉམ་དུ་འབྱོར་ཕྱུག་གི་ལམ་དུ་གོམ་པ་བརྟན་པོ་སྤོ་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་འབྱུང་བ་གཞི་རྩའི་ཐོག་ནས་མངོན་འགྱུར་འབྱུང་བར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་སུ་བརྡས་ཐག་བཅད་པར་བརྒྱུད། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་འཆམ་བྱུང་། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་ནི2026ལོའི་ཟླ8པའི་ཚེས15ཉིན་ནས་ལག་ལེན་བསྟར་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནི2026ལོའི་ཟླ7པའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་ནི་ཁྱབ་བསྒྲགས་བྱས་ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན། གྲོས་ཚོགས་སུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྐོར་གྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང་། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་ལེན་བསྟར་ཚུལ་དང་། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སེང་ལ་ཆོག་མཆན་འགོད་པར་ཐག་བཅད་པ་དང་། 2026ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིར་ཆོག་མཆན་བཀོད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་། 2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་། 2025ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་། 2026ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སེང་ལ་ཆོག་མཆན་འགོད་པར་ཐག་བཅད་པ་དང་། 2026ལོའི་ཀྲུང་དབྱང་གི་སྔོན་རྩིས་ལ་ཆོག་མཆན་བཀོད།
གྲོས་ཚོགས་སུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། གྲོས་ཆོད་དུ་བསྟན་དོན། གྲོས་ཚོགས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་ཤིང་། སྙན་སེང་ནང་བཏོན་པའི་མ་འོངས་པའི་ལོ་གཅིག་གི་ལས་འགན་ལ་མོས་མཐུན་བྱུང་སྟེ་ཆོག་མཆན་འགོད་པར་ཐག་བཅད།
གྲོས་ཚོགས་སུ་བརྡས་ཐག་བཅད་པར་བརྒྱུད། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། སྙན་སེང་དེ་གཉིས་ལ་ཆོག་མཆན་འགོད་པར་ཐག་བཅད།
གྲོས་ཚོགས་སུ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་གྱིས་བཅའ་ཁྲིམས་གཙང་བཤེར་ལས་དོན་སྐོར་གྱི་གནས་ཚུལ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཆོད་དོན་གྱི་ཐག་གཅོད་བསམ་འཆར་ལ་ཆོག་མཆན་འགོད་པའི་སྙན་སེང་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་།
དེའི་རྗེས་ཀྲའོ་ལེ་ཅི་ཡིས་གསུང་བཤད་གནང་། ཁོང་གིས་གསུངས་དོན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་། གྲོས་ཚོགས་ཀྱིས་དམངས་གཙོ་དར་སྤེལ་དང་། བློ་བསྡུས་དགེ་འཚོལ། ཁྲིམས་ལྟར་ལས་དོན་ནན་མོ་སྒྲུབ་པ་བཅས་རྒྱུན་འཁྱོངས་ནས། ཐུན་མོང་གི་ངོས་ཟིན་རྒྱ་ཁྱབ་ཏུ་གྲུབ་པར་བྱས་པས། དེ་ནི་སེམས་ཤུགས་གཅིག་སྒྲིལ་དང་། དངོས་འཛིན་དངོས་སྒྲུབ། མཐུན་སྒྲིལ་འབད་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད།
ཀྲའོ་ལེ་ཅི་ཡིས་བསྟན་དོན། འཐུས་མི་རྣམ་པས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཕྲག་ཏུ་བླངས་ཤིང་། ཁྲིམས་བཀོད་འགན་ཁུར་ནན་ཏན་གྱིས་ལག་ལེན་བསྟར་ཏེ། སྲིད་གཞུང་ལས་དོན་སྙན་སེང་སོགས་ལ་སྙན་སེང་ལ་གྲོས་ཞིབ་དང་ཆོག་མཆན་བཀོད་པ་དང་། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་རྩ་གནད་དང་ལོ་འཁོར་མོའི་འཆར་གཞི་དང་སྔོན་རྩིས་ལ་ཞིབ་དཔྱད་དང་ཆོག་མཆན་བཀོད་པ། སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དང་རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་བཅའ་ཁྲིམས་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བས། གྲོས་ཚོགས་ཀྱི་གྲུབ་འབྲས་ལས་ཏང་གི་བཞེད་དགོངས་དང་མི་དམངས་ཀྱི་བསམ་འདུན་གཉིས་ཚད་མཐོའི་གཅིག་གྱུར་བྱུང་བ་མངོན་པར་མཚོན་ཞིང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་མཐུན་སྒྲིལ་འབད་འཐབ་དང་དུས་བསྟུན་མདུན་སྐྱོད་ཀྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་རྒྱུན་ཆད་མེད་པར་མདུན་དུ་སྐུལ་བའི་ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་ཆེན་པོའང་མངོན་ཡོད།
ཀྲའོ་ལེ་ཅི་ཡིས་གསུངས་དོན། ལོ་ལྔའི་འཆར་འགོད་གཏན་འབེབས་དང་ལག་བསྟར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་དགེ་མཚན་གལ་ཆེན་ཞིག་ཀྱང་ཡིན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་དུ་འགྱུར་བར་རྨང་གཞི་བརྟན་པོ་འདིང་བ་དང་། ཁྱོན་ཡོངས་ནས་ཤུགས་རྒྱག་པའི་དུས་སྐབས་གནད་འགག་ཅིག་ཡིན་པས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”རྩ་གནད་ལག་བསྟར་ཡག་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་ནན་ཏན་གྱིས་དོན་ལ་འཁྱོལ་བ། ཏང་ཀྲུང་དབྱང་གི“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་འཐབ་ཇུས་ཚད་དཔོག་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་ལས་འགན། སྲིད་ཇུས་བྱེད་ཐབས་བཅས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་དགོས་ལ། ཐེངས་འདིའི་ཚོགས་ཆེན་གྱི་བཀོད་སྒྲིག་ལྟར། ལས་དོན་སྣ་ཚོགས་ནུས་ལྡན་དང་ཏན་ཏིག་གིས་ལེགས་པར་སྒྲུབ་པ་དང་། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པོར་སྒྲུབ་པ། ཧུར་ཐག་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་ཡག་པོ་རྩོམ་ཐུབ་པ་བཅས་བྱས་ཏེ། གོམ་པ་རེ་རེ་བཞིན་ཕུགས་འདུན་རླབས་ཆེན་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་བསྒྱུར་དགོས།
ཀྲའོ་ལེ་ཅི་ཡིས་གསུངས་དོན། ང་ཚོས་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་འགན་འཁྲི་ལ་དམིགས་ཤིང་། ཏང་གི་འགོ་ཁྲིད་དང་མི་དམངས་རང་ཁྱིམ་རང་བདག་དང་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཟབ་ཡོང་བ་རྒྱུན་འཁྱོངས་ནས། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་དགོས་ལ། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་། འཁོར་སྐྱོད་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་དོན་དང་ལྡན་པར་འདོན་སྤེལ་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ནན་ཏན་གྱིས་ལག་ལེན་བསྟར་བ་བཅས་ཀྱི་སྒོ་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམིགས་འབེན་ལས་འགན་མངོན་དུ་འགྱུར་བར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བསམ་པ་རྣམ་དག་གིས་མི་དམངས་ཀྱི་ཁེ་ཕན་དང་འདོད་བློའི་ཚབ་བྱས་ནས། ཁྲིམས་ལྟར་རང་འགན་གཙང་སྒྲུབ་བྱེད་པ་དང་། མང་ཚོགས་ལ་འབྲེལ་བ་དམ་ཟབ་བྱེད་པ། རང་གི་ལས་རྐང་ཐོག་ནས་གྲུབ་འབྲས་ལེན་པ་དང་བྱས་རྗེས་འཇོག་པ་བཅས་བྱེད་དགོས།
ཀྲའོ་ལེ་ཅི་ཡིས་བསྟན་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་ཏེ། “འདུ་ཤེས་བཞི”སྔར་བས་ཇེ་དྲག་དང“གདེང་ཚོད་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བསྒྲུབ་ཐུབ་པ་བཅས་བྱས་ནས། བློ་གཅིག་སེམས་གཅིག་དང་བློ་བརྟན་ཡར་བརྩོན། བདེན་འཚོལ་དངོས་སྒྲུབ་སྒོས་མི་དམངས་ཀྱི་ཆེད་དུ་སྲིད་འབྲས་ལེན་པར་འབད་བརྩོན་དང་། དངོས་སྒྲུབ་ལ་བརྟེན་ནས་སྲིད་འབྲས་བླངས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་མི་ཆད་པར་གཏོད་དགོས།
ཕྱི་དྲོའི་ཆུ་ཚོད3དང་སྐར་མ40ཡི་སྟེང་། ཀྲའོ་ལེ་ཅི་ཡིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བ་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་མཇུག་བསྒྲིལ།
ཀྲུའུ་ཞི་སྟེགས་བུའི་སྟེང་ད་དུང་ཝང་དབྱི་དང་དབྱིན་ལི། ཧྲི་ཐའེ་ཧྥེང་། ལིའུ་ཀུའོ་ཀྲུང་། ལི་ཀན་ཅེ། ལི་ཧྲུའུ་ལེ། ཧོ་ལི་ཧྥེང་། ཀྲང་ཀུའོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅེ་ཉིང་། ཁྲེན་རྨིན་ཨེར། ཡོན་ཅ་ཅུན། ཧོང་ཁུན་མིང་། ལིའུ་ཅིན་ཀུའོ། ཝང་ཞའོ་ཧུང་། ཀྲང་ཧྲེང་རྨིན། ཝུའུ་ཀྲེང་ལུང་། ཧྲེན་དབྱི་ཆིན། ཀྲང་ཅུན། དབྱིན་ཡུང་། ཧུའུ་ཁྲུན་ཧྭ། ཧྲེན་ཡུའེ་ཡུའེ། ཝང་ཡུང་། ཀྲོའུ་ཆང་། ཧོ་ཧོའུ་ཧྭ། ལིའང་ཀྲེན་དབྱིན། པ་ཐུར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། མུའུ་ཧུང་། ཞན་ཧུའེ། ཝང་ཏུང་ཧྥེང་། ཅང་ཞིན་ཀྲི། ཅང་ཙུའོ་ཅུན། ཧོ་པའོ་ཞང་། ཝང་ཀོང་ཆན། ཆིན་པའོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲེན་སོགས་བསྡད་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་བཅིངས་འགྲོལ་དམག་གི་འབྲེལ་ཡོད་སྡེ་ཁག། དྲག་ཆས་ཉེན་རྟོག་དམག་དཔུང་། མི་དམངས་ཚོགས་པ་སོ་སོའི་འབྲེལ་ཡོད་འགན་འཁུར་པ་ཚོགས་ཆེན་ལ་ཟུར་ཞུགས་དང་ཟུར་ཉན་བྱས།
ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པས་ཚོགས་ཆེན་ལ་ཟུར་ཉན་བྱས།།
( མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་ལས་དྲངས་ནས་ཞུས།)
