བརྩོན་ལེན་ལ་བརྟེན་ནས་དཀའ་གནད་བསལ་ཏེ་ལས་གཞིའི་མྱུར་ཚད་མགྱོགས་སུ་བཏང་།
འཕེལ་རྒྱས་མྱུར་ཚད་མགྱོགས་སུ་གཏང་དགོས་ན་ལས་གཞི་ནི་སྒུལ་ཤུགས་ཡིན་ལ་དམིགས་འབེན་དོན་ཐོག་ཏུ་འཁྱོལ་བ་དང་འགག་སྒྲོལ་ནི་གནད་འགག་ཡིན།དཀར་མཛེས་རྫོང་གིས་ལས་གཞི་འཛུགས་སྐྲུན་དེ་རྗེས་སྙེག་མཆོང་བརྒལ་གྱི་དཀའ་གནད་གཙོ་བོར་བརྩིས་ནས“བརྩོན་ལེན་བྱེད་པའི”ངར་ཤུགས་ལ་བརྟེན་ནས་གོ་སྐབས་དང་། གྲུབ་རྐྱེན་གཙོ་བོ། མྱུར་ཚད་བཅས་བརྩོན་ལེན་བྱས་ཏེ་དཀར་མཛེས་ས་གཞི་ཆེན་པོར་མི་སེམས་ལ་སྐུལ་མ་ཐེབས་པའི་འཛུགས་སྐྲུན་གྱི་མྱུར་ཚད་མངོན་ཡོད།
དཀར་མཛེས་རྫོང་ཤར་ཕྱོགས་ཡུལ་ཤོག་གི་མཚོ་འཕགས་སྨི4000ལྷག་ཡོད་པའི་རི་རྒྱུད་དུ་གྲང་ངར་ཆེ་ཡང་ལས་གཞིའི་དུས་འགོའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། རྫོང་ཡོངས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི“ལས་གྲྭ་ཨང་དང་པོ”ཡིན་པའི་ཤར་ཕྱོགས་ཡུལ་ཤོག་གི་སྟོང་ཝ་ཁྲི5ཡི་འོད་ཤུགས་ལས་གཞི་དེ་ལས་འགོ་མ་འཛུགས་གོང་གི་མཐའ་མའི་གདོང་མཆོང་དུས་མཚམས་སུ་སླེབས་པ་སྟེ། ས་སྤྱོད་འགྲོ་ལུགས་དང་། ཁོར་ཡུག་དཔྱད་བསྡུར་མཆན་འགོད། གློག་དྲྭ་སྦྲེལ་མཐུད་སོགས་འགག་རྩའི་རྒྱུ་རྐྱེན་འགན་ལེན་མགྱོགས་མྱུར་དོན་ལ་འཁྱོལ་བཞིན་ཡོད་པ་དང་སྔོན་དཔག་བྱས་ན་སྤྱི་ཟླ3པར་ལས་འགོ་དངོས་སུ་འཛུགས་ཐུབ་རྒྱུ་རེད།
རྫོང་དེའི་འཕེལ་བསྒྱུར་ཅུས་ཀྱི་ལས་གཞིའི་འགན་འཁུར་བས་ལས་གཞིའི་འཆར་འགོད་དཔེ་རིས་ཐོག་གི་འོད་ཤུགས་པང་ལེབ་ལ་མཛུབ་མོ་བཙུགས་ནས་ལས་གཞི་དུས་ཐོག་ཏུ་སྤེལ་བར་སྐུལ་ཆེད་རྫོང་འཕེལ་བསྒྱུར་དང་། རང་བྱུང་ཐོན་ཁུངས། ནགས་རྩྭ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཆེད་དམིགས་ཚན་ཆུང་བཙུགས་ནས་སྔ་སྣུར་དུ་ཞུགས་པ་དང་མཉམ་འབྲེལ་ཞིབ་མཆན་བཀོད་དེ་གྲུབ་རྐྱེན་གཙོ་བོ“འགོག་རྐྱེན་མེད་པ་དང་བར་ཐག་མེད་པ”བཅས་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།
བརྩོན་ལེན་ལས་གཞི་ནས་འཛུགས་སྐྲུན་ལས་གཞིའི་བར་གྲོང་ཁྱེར་ལྷོ་རྒྱུད་ཁུལ་གྱི་ཆུ་མཁོ་འདོན་མདོང་ལམ་དྲ་བ་སོགས་ཁུལ་རིམ་པའི་གཙོ་གནད་ལས་གཞི13ལ་སྐུལ་བ་དང་། མུ་མཐུད་སྐྲུན་པའི་ལས་གཞི49ལ་མགྱོགས་མྱུར་མཐེབ་སྣོན་མནན་པ། ལས་གཞི་གསར་པ126སྤེལ་གྲབས་ཡོད་པས། རྫོང་ཁོངས་དཔལ་འབྱོར་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བར་བྱས་ཡོད།
ཧུར་བརྩོན་ལ་བརྟེན་ནས་ལས་ལ་བསྐུལ་ཏེ་ཁྱད་ཆོས་ཐོན་ལས་ལ་གསོན་ཤུགས་གསར་པ་རྒྱས།
འཛུགས་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ་དང་དུས་མཉམ་དུ་དཀར་མཛེས་རྫོང་གིས་གཙོ་བོར་ཁྱད་ཐོན་སྤུས་ཚད་མཐོ་རུ་གཏང་རྒྱུ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཐོག་བཞག་ནས་རིག་གནས་ཡུལ་སྐོར་དང་ཞིང་འབྲོག་སོགས་ཁྱད་ཡོན་ཐོན་ལས་ལ་སྐྱེ་སྟོབས་གསར་པ་འཕེལ་དུ་བཅུག་ཡོད།
གེ་སར་རྒྱལ་པོའི་མཁར་རྫོང་དུ་བསྐྱོད་སྐབས“ལྟ་སྐོར་རྣམ་པ”ནས“རིག་གནས་ལ་རྒྱུས་ལོན་ཐུབ་པའི”འགྱུར་ལྡོག་དང་གསོན་ཉམས་རྣམ་པ་ཞིག་མཐོང་ཐུབ། གཟུགས་མེད་རིག་གནས་ཤུལ་བཞག་བཟོ་ཁང་དང་རིག་གནས་གསར་གཏོད་ཁེ་ལས་བར་མཉམ་འབྲེལ་བྱས་ཏེ་ན་གཞོན་ཐང་ག་རི་མོ་བ་རྣམས་ཀྱིས་ལོ་ངོ་སྟོང་གི་སྲོལ་རྒྱུན་ལག་རྩལ་དང་དེང་རབས་ཀྱི་མཛེས་དཔྱོད་མཉམ་འདྲེས་བྱས་ཏེ་སྤུས་དག་འཁྱེར་བདེའི་ཐོན་རྫས་རྩེ་གྲ་མང་པོ་བཏོད་དེ་དཀར་མཛེས་ཀྱི་རིག་གནས་ལ་ལྟ་ཆོག་པ་དང་། མྱོང་ཆོག་པ། འཁྱེར་ཆོག་པ་བཅས་བྱུང་ཡོད།
“རིག་གནས་ཡུལ་སྐོར་དང་ལས་རིགས་བརྒྱའི”འཕེལ་རྒྱས་བསམ་ཕྱོགས་ལ་དམིགས་ནས་དཀར་མཛེས་རྫོང་གིས་རིག་གནས་ཡུལ་སྐོར་གྱི་ལས་རིགས་རྣམ་པ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་བ་དང་། རང་འཁོར་བཏང་ནས་ཡུལ་སྐོར་དུ་འགྲོ་བ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་། དམངས་སྲོལ་མྱོང་རོལ་སོགས་ལས་གཞི་གསར་པ་རིམ་བཞིན་ཐོན་པ་དང་། རིག་གནས་ཡུལ་སྐོར་ཐོན་ལས་འབྲེལ་ཐག་རྒྱུན་མཐུད་ངང་རྒྱ་ཆེར་བཏང་བས་རྫོང་ཡོངས་ཀྱིས་ལོ་ཧྲིལ་པོར་ཡུལ་སྐོར་བ་ཁྲི165ཡན་ལ་སྣེ་ལེན་ཞུ་བ་དང་ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར18.15ཡན་ཡོང་བའི་དམིགས་འབེན་མངོན་འགྱུར་ཡོང་ཆེད་སྤུས་ཚད་མཐོར་འདེགས་གཏང་རྒྱུ་རེད།
ཞིང་འབྲོག་ཁུལ་དུ་ལྟ་སྐབས། ལྷོ་པ་ཡུལ་ཤོག་གི་སྐྱེ་ལྡན་ནས་རྟེན་གཞིར་ཞིང་ལས་ལག་རྩལ་མི་སྣས་ཞིང་དུད་ལ་དཔྱིད་རྨོ་གྲ་སྒྲིག་ཐད་མཛུབ་ཁྲིད་བྱས་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་མང་ཚོགས་ཀྱི་སྒོ་ཁ་རུ་འཁྲིད་བཞིན་ཡོད།
རྫོང་དེའི་ཞིང་འབྲོག་ཞིང་སྡེ་ཅུས་ཀྱི་འགན་འཁུར་བས་ད་ལོར་དཀར་མཛེས་རྫོང་གིས་རང་ཉིད་ལ“དམིགས་འབེན་ཆུང་གྲས”གཏན་ལ་ཕབ་སྟེ་སྐྱེ་ལྡན་ལག་ཁྱེར2གསར་དུ་བསྣན་པ་དང“ཐོན་རྫས་གསུམ་དང་ས་གཤིས་མཚོན་རྟགས་གཅིག”2གསར་དུ་བདེན་དཔང་ར་སྤྲོད་བྱས་པ་དང་དུས་མཉམ་དུ“ཀྲུང་གོའི་ནས་ནག་འབྱུང་ཡུལ”ཡིག་ཐོག་སྙན་སེང་ཞུ་འགོ་བཙུགས།“དེ་ནི་ཕྱིར་ཚོང་ཡག་པོ་བྱེད་ཆེད་ཡིན་པར་མ་ཟད། ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་སྤུས་ཚད་མཐོ་རུ་གཏོང་ཆེད་དང་ཕན་འབྲས་ཆེ་རུ་གཏོང་ཆེད་ཀྱང་ཡིན”ཞེས་བཤད། ད་ཆ་ཁུལ་ཡོངས་ཀྱི“གཙང་གསུམ་རྒྱུད་དྲུག”གི་ཐོན་ལས་ཁུལ་འཛུགས་སྐྲུན་ལ་དམིགས་ནས་དཀར་མཛེས་རྫོང་གིས་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི16.52བརྟན་དུ་བཏང་བར་མ་ཟད། ལས་སྣོན་ཞིབ་ཚགས་ཐད་ཤུགས་བརྒྱབ་སྟེ་ཞོག་ཁོག་ལས་སྣོན་བཟོ་གྲྭ་འཛུགས་འགོ་ཚུགས་པ་དང་ཐོན་སྐྱེད་དང་པོ་མུ་མཐུད་འཕེལ་རྒྱས་འགྲོ་བར་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།
དོན་དངོས་ལ་བརྟེན་ནས་དམངས་ཕན་བསྒྲུབས་ཏེ་གྲོང་ཡུལ་མཉམ་འདྲེས་ཀྱི་རྣམ་པ་གསར་པ་བཏོད།
འཕེལ་རྒྱས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། འཕེལ་རྒྱས་དམངས་ལ་བརྟེན་པ། དམངས་ཀྱིས་མཉམ་སྤྱོད་བཅས་བྱ་དགོས། དཀར་མཛེས་རྫོང་གིས་དངོས་སྒྲུབ་ལ་བརྟེན་ནས་དམངས་འཚོ་ལ་ཕན་པ་དང་ཕན་འབྲས་དངོས་ལ་བརྟེན་ནས་དམངས་སེམས་ལ་དྲོད་ཁོལ་སྤྲད་དེ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཁྲོད་བདེ་སྐྱིད་ཀྱི་རི་མོ་གསར་པ་བཏོད་ཡོད།
དཀར་མཛེས་གྲོང་རྡལ་གྱི་ཡུལ་མི་རྡོ་རྗེའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་ཤིག་མངོན་བཞིན་འདུག། ཁྱིམ་དུ་ལོ་མང་རིང་སྤྱོད་པའི་སྤྱིར་བཏང་གི་གསང་སྤྱོད་ཁང་དེ་སྲིད་གཞུང་གིས་གཅིག་གྱུར་སྒྱུར་བཀོད་བྱས་པའི་འོག་གཙང་ཞིང་སྟབས་བདེའི་གསང་སྤྱོད་ཅིག་ཏུ་གྱུར་ཡོད། དེ་ནི་དཀར་མཛེས་རྫོང་གི་དུད་ཚང347གྱི་གསང་སྤྱོད་ཁང་གསར་སྒྱུར་ལས་གྲྭའི་བསྡུས་རིས་ཤིག་ཡིན་ལ་དཀར་མཛེས་རྫོང་གིས“འདུ་འགོད་ཁྲི་སྟོང་གི”ཉམས་མྱོང་ལག་ལེན་བསྟར་བ་དང་ཡུལ་སྡེ་དར་རྒྱས་ལ་སྐུལ་བའི་གནས་ཚུལ་ཞིབ་ཕྲ་ཞིག་ཀྱང་རེད།
རྫོང་གྲོང་ཁུལ་རྙིང་པའི་སྐུ་འབུམ་ཞབས་གྱི་ཡུལ་མི་ཚོས་འབྱུང་འགྱུར་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད།“གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད”མཐར་ཕྱིན་པ་དང་ཆབས་ཅིག་ཞིང་ཆེན་རིམ་པའི་གྲོང་ཁྱེར་གསར་སྒྱུར་གྱི་གཙོ་གནད་ཁུལ་ནང་དུ་བཅུག་པའི་གནའ་བོའི་ཁྲོམ་གཞུང་དེར་ཆར་ཆུ་དང་བཙོག་ཆུ་ཁག་བགོས་སྒྱུར་བཀོད་དང་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་བྱ་རྒྱུ་རེད། དེ་དང་ཆབས་ཅིག་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི“གསོ་རླུང་མཁོ་འདོན་དང་དྲོད་རླངས་མཁོ་འདོན་བྱེད་པའི”ལས་གྲྭར་ཡང་གཏམ་བཟང་ཁྱབ་ནས་རྒན་རྒོན་བྱེད་སྒོ་ལྟེ་གནས་ཀྱི་གསོ་རླུང་མཁོ་འདོན་ལས་གཞི་ལག་ལེན་བསྟར་འགོ་བཙུགས་པ་དང་དྲོད་རླངས་མཁོ་འདོན་གྱི་དུས་ཐེངས་གཉིས་པ་དང་གསུམ་པར་ཡིག་ཐོག་སྙན་སེང་མགྱོགས་མྱུར་ཞུས་ཡོད། རྫོང་སྲིད་གཞུང་གིས་བཏོན་པའི“གྲོང་ཁྱེར་ལྔ་གཞི་གཅིག་ཅན”གྱི་བཀོད་བབ་ལྟར་འཚོ་སྡོད་འཚམ་པ་དང་བསྟུན་མཁས་བློ་རིག་ལྡན་པའི“ཁམས་བྱང་གི་མུ་ཏིག”ཞིག་མཐོང་ཆོས་སུ་འགྱུར་རན་ཡོད།
བབ་བསྟུན་འཕྲལ་སྒྲུབ་ཀྱི་ལམ་བུ་གསར་པ་ནས་འགོ་བཙུགས་ཏེ་རྗེས་སྙེག་མཆོང་བརྒལ་གྱི་ལེ་ཚན་གསར་པ་སྤེལ། ལས་གཞིའི་ཡུལ་དངོས་སུ་འཕྲུལ་འཁོར་གྱི་སྒྲ་སྒྲོག་པ་ནས་ཐོན་ལས་གླིང་ཁུལ་གྱི་འཕེལ་རྒྱས་ཀྱི་འཕར་འགུལ་བར་དང་། དེ་ནས་གྲོང་ཁྱེར་དང་གྲོང་སྡེའི་རྣམ་པ་ཉིན་རེ་བཞིན་གསར་པ་ཐོན་པའི་བར་དཀར་མཛེས་རྫོང་གིས“ལོ་ལྔའི་འཆར་འགོད་བཅོ་ལྔ”པ་བྲིས་ཡོད། དེ་ནི་ལོ་འཁོར་གྱི་ལས་འགན་སྒྲུབ་རིམ་ཞིག་ཡིན་པར་མ་ཟད“ཁུལ་ཁོངས་ཀྱི་ལྟེ་གནས་ཟུར་པ”ཁྱོན་ཡོངས་ནས་བསྐྲུན་རྒྱུའི་རྨང་རྡོ་བརྟན་པོ་བཏིང་བ་ཞིག་ཀྱང་རེད།།
( ཀུན་དགས་བསྒྱུར།)
