༡
གཏམ་རྒྱུད་དེ་འཚོལ་བའི་ཆེད་དུ། ཁྱོ་ཤུག་གཉིས་ཀྱི་ལས་དབང་དེ་ད་ལྟ་ངའི་ཡིད་ངོར་འཆར་ཡོང་།
མདང་གི་རྨི་ལམ་ཚ་རེག་ཆེ་བ་དེས་མོའི་སེམས་པ་ཡོམ་ཡོམ་བསྒུལ་པས། ཞག་གང་བོར་གཉིད་མ་ཁུག་པར་བསྡད། ཟླ་བའི་འོད་མདངས་གསལ་དྲགས་པའི་མཚན་མོ་ནི་ཧ་ཅང་གྲང་། ཆེས་ལྷིང་འཇགས་དང་མཛེས་སྡུག་གིས་ཁེངས་པའི་དུས་ཤིག་རེད། ཁྱོ་བོ་ཉིན་ཁ་ཤས་ཀྱི་སྔོན་ལ་གཉེན་ཉེ་རིང་གི་ཕྱོགས་སུ་སོང་ནས་ཡུན་རིང་པོར་ཕྱིར་ལོག་དུས་མེད་པར། ལོག་པ་ཧ་ཅང་འཕྱིས་སོང་། ཧ་ལམ་ཕྱིར་ཡོང་བའི་དུས་ཤིག་མེད་པ་འདྲ་ཆགས་འདུག། མོ་རང་སེམས་མི་བདེ་བར་དོན་དག་ཅིག་བྱུང་ཡོད་པའི་ཚོར་བ་བར་མི་ཆད་པར་རྒྱུ། ཡིན་ནའང་ཁྱོ་བོ་ཁྱིམ་དུ་འོང་བའི་སྔ་ལྟས་གང་ཡང་མེད།
ཏག་ཏག་མོ་རང་སེམས་ཁྲལ་གྱིས་ཀློང་དུ་ལྷུངས་ཏེ། ཁྱིམ་མཚེས་ཚང་གི་རྒན་མོ་གཡང་སྒྲོན་གྱིས་ཁྱོ་བོ་ཡོང་རྒྱུ་མེད་པ་ཅི་རེད་ཅེས་དྲིས་དུས། མོས་ལན་ཅི་ཡང་མ་བཏབ་པར་ལྕི་བ་དག་འཕངས་ཚར་རྗེས་ཁྱིམ་དུ་བུད་སོང་། ནངས་ཇ་བཏུང་ནས་མོ་ཕྱུགས་དེད་དེ་འགྲོ་དགོས། ཕྱུགས་དག་དལ་མོའི་ངང་རི་སྒང་ནས་མར་དེད་དེ་ལྷས་ར་བསྐོར་ནས་བཞོ་མ་རྣམས་ཀྱང་གཅིག་རེ་གཉིས་རེ་བྱས་ནས་འདོགས་ཀྱིན་ཡོད། དཀའ་ཚེགས་ཆེ་ཡང་ཁྱོ་བོ་ནམ་ཕྱིར་ལ་ཡོང་སྙམ་པའི་སེམས་གཅོང་དེའི་ལུས་ཀྱི་བ་སྤུ་གཡོ་བ་ལྟ་བུའི་འཚེར་སྣང་ཞིག་ངང་ངམ་ཤུགས་ཀྱིས་ཐོན། རྒྱང་རིང་ལ་བལྟས་ན་མག་མོག་གི་གྲིབ་ཡོལ་ཞིག་ལས་ཅི་ཡང་མཐོང་རྒྱུ་མེད། སྐད་ཆའི་གནས་ཚུལ་ཅི་ཡང་གོ་རྒྱུ་མེད། མོ་ལ་མཚོན་ན། ད་ནི་མནར་གཅོད་ཀྱི་འོག་ནས་ཉིན་མཚན་མེད་པར་ལུས་པོའི་རྐང་ལག་ཀྱང་ཇེ་ཞན་དུ་སོང་ནས་ཐམ་མི་ཐོམ་མེ་ཞིག་ཏུ་གྱུར།
ནམ་གུང་དུ“ཐག། ཐག། ཐག”སྒྲ་ཞིག་རྣ་ལམ་དུ་ཐོས་བྱུང་། མོས་རྨི་ལམ་ཞིག་རྨིས། བུ་མོ་ཆུང་ཆུང་ཞིག་མོའི་འཇིག་རྟེན་དུ་མངོན། ཕར་བལྟས་པ་ཙམ་གྱི་བུ་མོའི་རྣམ་པའང་ཞི་འཇམ་གྱི་གྲུབ་པའི་འཇིག་རྟེན་ཞིག་མངོན་ཡོད་པ་རེད། བར་སྐབས་རེ་ལ་ཡིད་ཀྱི་དྲན་པ་བརྣགས་ཏེ་ཅི་ཡང་མ་ཚོར་བའི་སེམས་ཁམས་ཤིག་སྐྱེས། རྨི་ལམ་དེ་བདེན་པ་མ་ཡིན་ནམ། ཁྱོ་བོ་སེམས་ལ་བཅངས་པའི་སྟབས་ཀྱི་གཉིད་དཀྲོག་བརྒྱབ་སྟེ། ཡར་ལངས་ནས་ལྡེམ་མྱུར་གྱིས་གུར་སྒོ་ཕྱེས་ནས་བལྟས་པ་ན།མིག་གིས་མི་མཐོང་བའི་མུན་ནག་དེ་ལ་ལག་སྙོབ་ཅིག་བྱས་ཀྱང་གང་ཡང་མ་ཐོབ་པར་ཕྱིར་ནང་ལ་ལོག ། “ད་རེབ་བདེན་པ་མ་ཡིན་ནམ། ཅི་ཞིག་བྱུང་སོང་ངམ།འཁྲུལ་སྣང་ཡིན་ནམ།”ཞེས་རང་གི་རང་ལ་ཁེར་ལབ་ཐན་ཐུན་ཞིག་བྱས། མོ་ལྕགས་ཐབ་ཏུ་བཅར་ཏེ་ཁ་ལག་སྲོ་བསམ་ཞིང་མེ་མེད་པར་ཐལ་བ་སྐྱ་ཐིག་གེར་ལས་མེད། ཡིན་ཡང་། དེ་ལས་ཀྱང་སྡུག་པའི་ཚོར་བ་ཞིག་ནི་ཁྱོ་བོ་ད་རུང་ཕྱིར་མ་ཡོང་པ་དེ་རེད། གཡང་སྒྲོན་གྱིས“ཁྱོད་ཀྱི་ཁྱོ་ག་ཕྱིར་སླེབས་པ་ཨེ་ཡིན་ནམ”ཟེར། མོའི་སེམས་སུ་ཁྱོ་ག་ནི་ཡིན་མི་སྲིད། ཁོ་ཉིན་འགའི་སྔོན་ལ་གཉེན་ཉེ་རིང་གི་ཕྱོགས་སུ་རུ་ཉུལ་ལ་བུད་སོང་། ཧ་ལམ་ཉིན་བཅུ་འགོར་སོང་། ད་ནི་གཡང་སྒྲོན་གྱིས་སེམས་ཁུར་བྱེད་ཀྱིན་འདུག། འོན་ཀྱང་། ཁྱོ་ཤུག་གཉིས་ཀྱི་བདེ་སྐྱིད་ཀྱི་ཀློང་ནས་འཚོ་བ་རོལ་ན་ཡག་སྙམ། ཁྱིམ་ཚང་ནི་བཟའ་ཟླ་གཉིས་ཀྱིས་འོས་འགན་དང་ཕྲག་ལ་བབས་པ་ཞིག་ཡིན་པ་ལས། མོ་གཅིག་པུས་བསྐྱང་དགོས་པ་ཞིག་མ་རེད། མོ་རང་གི་རྒྱུན་པར་ཁ་བརྡ་ལྷོད་ལྷོད་བྱེད་རོགས། ཟས་ཀྱང་མཉམ་ཟ་བྱེད་ས། སྐད་ཆ་དག་སྦ་གསང་མེད་པར་ལབ་རོགས་ཀྱང་གཡང་སྒྲོན་ཡིན། དོན་དག་ཅི་ཞིག་བྱུང་ན་མོ་ལ་མི་བཤད་པ་གཅིག་ཀྱང་མེད། ཁོ་གཉིས་གཉེན་ཉེའི་འབྲེལ་བ་མ་ཡིན་པར་མཛའ་མཐུན་གྱི་གྲོགས་མོའི་འབྲེལ་བ་ཟབ་མོ་ཆགས་ཡོད། མོའི་སེམས་སུ་ཕྱིར་སླེབས་ན་ཅི་མ་རུང་བསམས་ནས། ལག་པས་རང་གི་མགོ་བོ་བྱིལ་བྱིལ་ཞིག་བཏང་ནས་སླར་ཁྱིམ་དུ་ལོག་མོད། རྒྱུན་པར་འཚོ་བའི་ནང་ལ་ལས་ཀ་གང་ཞིག་ལས་ཀྱིན་ཡོད་པ་ལས་ཤིང་དེ་དག་ཀྱང་སྔ་ས་ནས་ཚར་འགྲོ། མོ་རང་བསམ་གཞིག་གཏང་རྒྱུར་དགའ་པོ་ཡོད་པས། ཁྱོ་བོ་ཡུལ་ནས་མི་འདུག་པ་འདི་ལ་བསམ་བློ་བཏང་། ས་མཐའ་ལྷུང་བ་དང་འདྲ། ཨ་མས་རྟག་པར་མོ་ལ་གནས་ཡུལ་གྱི་སྐྱིད་སྡུག་འདྲི། མང་ཤས་མ་སེམས་བུ་མོར་ཐོགས་ཏེ་འདྲི་ཞིང་། རེ་འགའ་ནི་བུ་མོའི་གནས་ཚུལ་སོགས་གང་མང་མང་གི་སྡུག་གཏམ་དང་བླ་བཙག་ཆེད་དུ་འདྲི་བའང་ཡོད། མོ་རང་འུ་ཐུག་པ་མིན་ན། ངན་སྨྲས་ལུང་པ་གང་བསྐྱུར་ཏེ་ཁྱོ་བོའི་བླ་མི་རྫོད། བཤད་པ་མཐའ་དག་གསང་ཅི་ཐུབ་བྱ། ཨ་མས་བཤད་པའི་བསླབ་བྱ་ཡིད་ལ་བཟུང་ནས། ཁྱོ་བོ་མེད་ཤུལ་ནས་ཁྱིམ་ཐབ་སྐྱོང་བ་དང་། ཕྱུགས་ལས་སོགས་གང་གིས་ཐད་ནས་ཀྱང་རྩོལ་བ་ལྷོད་མ་མྱོང་།
༢
གཡང་སྒྲོན་ངེད་གཉིས་ཀྱི་རྒྱུན་དུ་ཁ་བརྡ་སྣ་ཚོགས་བྱས་རྗེས། འོ་རེད།“དོན་དག་ཞིག་ཡོད་གི”ཟེར། ཅི་རེད། ཅི་རེད། མདང་ངས་རྨི་ལམ་རྨིས་པ་ལྟར་ན། ཁྱེད་གཉིས་དོན་དག་ཅིག་ལ་འཕྲད་ཡོད་པ་འདྲ་མོད། ཚོད་དཔག་བྱེད་པ་དེ་བདེན་པར་རློམ་མི་ཉན། ངས་དེ་འདྲ་ཞིག་རྨིས་པ་དེ་ཡང་འཁྲུལ་སྣང་ཁོ་ན་རེད། མ་གཞི་གཞིས་ཁྱིམ་འདི་ལ་བདག་པོ་ཁྱོད་ལས་མེད། ཁྱོ་བོ་ཡུལ་ན་འདུག་པ་ཉུང་ཉུང་ཡིན་པས། ཁྱོད་ཀྱི་སེམས་ངས་རྟོགས་ཡོད། དུས་དེ་ནས་བཟུང་། མོའི་སེམས་ཀྱི་གཏམ་རྒྱུད་དེ་གསང་བ་ཞིག་ཏུ་མི་སྦས་ཐབས་མེད་བྱུང་། ཡིན་ན་ཡང་། ངེད་གཉིས་ཀྱི་གྲོགས་མོའི་འབྲེལ་ལམ་ཆད་མ་མྱོང་། ངས་ཁྱེད་ཀྱི་ཁྱོ་བོ་ཕྱིར་ཡོང་མེད་པ་ལ་འདང་དཔོག་དཀའ་བ་ཞིག་རེད། མོས་དངོས་གནས་དེ་འདྲ་ཞིག་ལ་ཡོད་མེད་ལ་ཐེ་ཚོམ་སྐྱེས་མོད། ཡིན་ནའང་མི་སུ་ཞིག་གིས་བཤད་པ་མི་ཤེས་ཏེ།འཇིག་རྟེན་འདི“གཏམ་རྒྱུད་འདྲ་ལ་རྨི་ལམ་ལྟ་བུའི་འཚོལ་སྙེག་འདིའི་ཡོད་ཚད་རྨི་ལམ་ཞིག་འཚོལ་བའི་ཆེད་དུ་འཇིག་རྟེན་དུ་ཡོང་བ་མ་ཡིན་ནམ།”དེ་འདྲའི་སྐད་ཆ་དེ་དྲན་དུས། སེམས་ལ་ཡང་བསྐྱར་ཡིད་ཆེས་ཀྱིས་ཁེངས་ཏེ་ཚམ་ཚོམ་མེད་པར་གཏམ་རྒྱུད་དེ་འཚོལ་བའི་ལམ་དུ་ཞུགས་འགྲོ་བ་རེད། ནར་སོན་པ་དང་བསྟུན་ནས། མོའི་སེམས་ཀྱི་ཁྱོ་བོ་རྨི་ལམ་ནང་ནས་རིམ་གྱིས་ནར་སོན་བྱུང་། ཁོ་དུས་རྒྱུན་མོའི་རྨི་ལམ་གྱི་འཇིག་རྟེན་དུ་མངོན། རྨི་ལམ་ནང་གི་ཁྱོ་བོ་དེ་ནར་སོན་པ་དང་བསྟུན་ནས། གཡང་སྒྲོན་གྱི་སེམས་པའང་དབྱར་ཁའི་མཚོ་མོ་བཞིན་བདེ་ཐབས་བྲལ་བར་གྱུར། ད་ལྟ། ཁོ་གཉིས་ཀྱི་ཕན་ཚུན་བརྩེ་བ་བཤད་པའི་སྐད་ཆ་དེ་བཤད་མཚམས་བཞག་ཟིན། མོས་སྔོན་ཆད་ཐེངས་རེ་རེའི་རྨི་ལམ་གྱི་རྣམ་པ་ཇི་མ་ཇི་བཞིན་དུ་ཞིབ་འབྲི་བྱས་ཡོད། ཡིན་ནའང་སྐབས་དེར། མོས་རྨི་ལམ་གྱི་རྣམ་པ་ཨ་མར་བཤད་མ་མྱོང་། དུས་སྐབས་དེའི་རྨི་ལམ་རྣམས་ཕལ་ཆེར་གཅིག་མཚུངས་ཡིན་ལ། དེ་འདྲའི་གཅིག་མཚུངས་ཀྱི་རྨི་ལམ་ཧ་ལམ་ལོ་གསུམ་ལ་རྒྱུན་འཁྱོངས་ནས་བསྡད།
ཉི་མ་ནུབ་ལ་ཉེ་བས། མདུན་ཕྱོགས་ཀྱི་ཡོད་ཚད་མག་མོག་ཏུ་སྣང་། འདས་ཟིན་པའི་ནུབ་ཁ་རེ་རེ་བཞིན། མོ་རང་གིས་གནས་མལ་དུ་མགོ་བོ་བཞག་ནས་ལོ་འདི་འགའི་རིང་ལ། དཀའ་སྡུག་གི་བསླངས་པའི་རྔུལ་ཆུ་རེ་རེ་མོའི་ལུས་དང་གྲིབ་མ་བཞིན་དུ་བྲལ་མ་མྱོང་། ཁྱོ་བོ་སྒུག་པའི་ལོ་ཟླ་དང་རྨི་ལམ་ནང་གི་བུ་མོ་ཆུང་ཆུང་དེ་འཚོལ་ཆེད། མོའི་གོམ་པ་བརྒྱབ་སྟེ་རི་ལུང་གང་འདྲ་མང་པོ་ཞིག་བརྒལ་ཟིན་པ་མི་ཤེས་ལ། ད་དུང་འུར་ཆ་ཁྲ་རིལ་མ་དེ་བཟུང་ནས་རྫ་རི་དང་སྤང་ཐང་ཅི་འདྲ་ཞིག་བརྒྱུད་མྱོང་པའང་མི་ཤེས། རྫོགས་མཐའ་མེད་པའི་འགྲུལ་བཞུད་ཀྱི་ཁྲོད་དུ། མོས་རང་ཉིད་ཀྱི་དབང་པོ་རྣམས་རིམ་གྱིས་ཉམས་བཞིན་པའི་ཚོར་སྣང་སྐྱེས་མྱོང་ལ།ལུས་སེམས་ངལ་ཆེ་དྲགས་ཏེ་མུ་མཐུད་དེ་མདུན་ལ་འགྲོ་མི་འདོད་པའི་ཚོར་སྣང་ཡང་སྐྱེས་མྱོང་། ཡིན་ནའང་གཏམ་རྒྱུད་དེ་འཚོལ་བའི་ཆེད་དུ། མོས་དཀའ་བ་ཁྲི་ཕྲག་ཁྱད་དུ་བསད་དེ་མུ་མཐུད་དེ་མདུན་དུ་སྐྱོད་པའི་ལམ་ལ་ཞུགས།
“ཐག། ཐག། ཐག” སྒྲ་དེས་ང་རང་གློ་བུར་དུ་གཉིད་ལས་དཀྲོག་བྱུང་། སྒྲ་དེ་དང་པོ་རྒྱང་རིང་ནས་གྲག་འོང་ཞིང་། ཅམ་གྱིས་ཉེ་ས་རུ་སླེབས། འུག་པའི་ཐན་སྐད་ཅིག་ཀྱང་། ཐག་སྒྲ་དང་མཉམ་པོར་མཆེད། ཐག་རིང་གི་རྟའི་རྨིག་སྒྲ་དེ་དང་པོ་སྒྲ་ཅུང་ཙམ་ནས་ག་ལེར་རྣ་ལམ་དུ་གྲག་འོང་། རིམ་གྱིས་སྒྲ་དེ་ཉམ་ཇེ་ཐག་ནས་ཇེ་ཐག་ཏུ་སོང་། ཧ་ལམ་ས་སྲོས་སུ་གུར་ཆུང་གི་གུར་ཀླད་ནས་བྱ་ཁྱུ་ཞིག་ཀྭག་ཀྭག་གིས་འཕུར་ཅིང་། འཕུར་གྱིན་འཕུར་གྱིན་གསུང་སྐད་ཀྱང་ཨམ་ཅོག་གི་རྩ་ནས་ཡལ་བ་དང་འདྲ། བྱ་ཁྱུ་རྒྱང་ལ་འཕུར་ཅིང་། འུག་པ་གཅིག་པུ་ཤུལ་དུ་སྨག་ནག་གི་མཚན་མོར་སྒུག་པ་ཇི་བཞིན། ད་ཅི་ཐག་སྒྲ་དང་ལྷན་དུ་མཆེད་པའི་འུག་པའི་ཐན་སྐད་དེ། རྒྱང་ལ་མ་འཁྱར་བར་ཨམ་ཅོག་གི་རྩ་ན། དེ་ལས་གསལ་རྒྱུ་མེད་པ་ཞིག་གྲགས་ཏེ་མཆིས། རྟའི་རྨིག་སྒྲ་ཀྱང་ཚུར་ཚུར་མ་བཅར་ཏེ། མོས་རྣ་བ་རྒྱང་རིང་དུ་གཏད་ཅིང་ཚུར་ལ་བརྟོལ་ཡོང་བའི་ཐག་སྒྲ་ཞིག་ཐོས་མ་བྱུང་།
གློ་བུར་དུ་དངངས་འཚབ་ཅིག་གིས་མོའི་རྨི་ལམ་དུ་བུ་མོ་ཆུང་ཆུང་དེ་ཡིད་ཀྱི་རྩ་རུ་བསྒོམས་ཏེ། མོ་རང་གི་པང་ཁེབས་སུ་འཁྱིལ་ཅག་གེར་ངུ་ཤུམ་བྱས། གློག་ཏོག་ཙམ་ནས་ཆུང་འོད་ལམ་བུ་མོའི་མིག་ཐོག་ལ་འཁྲེང་སོང་། མོས་ཁྱོ་བོའི་སློག་པ་རྒྱབ་ནས་བཤུས་ཏེ་སྒོ་ཕྱིར་ཐོན་དུས། ནམ་སྐྱ་གསལ་ལེར་ལངས་འདུག་ཅིང་།ཉི་མའི་བཞིན་རས་རི་བོ་རྩེ་གསུམ་གྱི་རི་རྩེ་རུ་སེར་ལམ་ལམ་བྱེད་ལ། རྩའི་ཟིལ་བའང་ཉི་མའི་འོད་ཀྱི་དྲོས་ཏེ་གུར་གྱི་རྟག་རྒྱབ་ཏུ་རྗེས་ཤུལ་ཅི་ཡང་མེད་ཀྱང་།མོས་སྒོ་ཕྱི་ནང་མེད་པར་ནན་ཏན་གྱིས་བལྟས། །
༼ སྨོན་ལམ་རྒྱ་མཚོ། ༽
