国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གཞས་ ཀྱི་ ཆོལ་ ཁ་ ནས་ ཐོན་ པའི་ འཇིག་ རྟེན་ མིག་ འབྱེད་ ཆེན་ པོ་ ཞིག།

སྐད་ གཉིས་ སྨྲ་ བའི་ ཁྱུ་ མཆོག་ སྐལ་ བཟང་ ཆོས་ འཕེལ་ གྱི་ གནས་ ཚུལ་ རགས་ བཀོད།

བྱིས་པའི་དུས་ནས་དཀའ་སྡུག་འཚོ་བ་མྱོང་།། སློབ་གྲྭར་ཞུགས་ནས་ལས་དབང་ཁ་ལོ་བསྒྱུར།། གུས་རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན།། ལོ་ཙཱའི་ལག་ལེན་ཁྲོད་དུ་རྩེ་གཅིག་གཞོལ།།

སྐལ་བཟང་ཆོས་འཕེལ་ནི་སྤྱི་ལོ1943ལོར་འབའ་ཐང་ནོར་བུ་ས་ཆའི་ཞིང་པའི་ཁྱིམ་ཚང་ཕལ་པ་ཞིག་ཏུ་སྐྱེས། བྱིས་པའི་དུས་ནས་འཚོ་ཚིས་ཀྱི་ཆེད་དུ་དཀའ་སྡུག་དྲག་པོ་མྱོང་ཡོད་པས་བརྐྱངས་ན་མདའ་ཉན། བཀུག་ན་གཞུ་ཉན་པའི་རང་གཤིས་གྲུབ། 1950ལོར། སློབ་གྲྭར་ཞུགས་ནས་སྐད་གཉིས་སློབ་གསོ་ཚད་ལྡན་མྱོང་བའི་སྐལ་བཟང་ཐོབ། དེའི་དུས་སློབ་གྲྭར་བོད་རིགས་ཀྱི་སློབ་མ་རེ་ལ་རྒྱ་མིང་རེ་བཏགས་པའི་སྲོལ་ཡོད་པས་དགེ་རྒན་གྱིས་སྐལ་བཟང་ཆོས་འཕེལ་ལ་རྒྱ་མིང་ཀྲང་ཆི་ལིན་ཞེས་བཏགས། སློབ་གྲྭར་ཡོད་དུས་ཐེངས་ཤིག་རྒྱ་ཡིག་སློབ་ཚན་གསུམ་དུས་ཡུན་ཐུང་ངུའི་ནང་ཆུ་རྒྱུག་པ་ལྟར་བློར་འཛིན་པས་དགེ་རྒན་གྱི་བསྟོད་ར་ཆེན་པོ་ཐོབ་དང་སྦྲགས་སློབ་རིམ་གསུམ་པ་ནས་བཞི་པར་སྤར། ལོ་ཕྱེད་སོང་རྗེས་ཡང་ལོ་རིམ་ལྔ་པར་སྤར་བ་རེད། 1957ལོར་འབའ་ཐང་ནས་དཀར་མཛེས་རྫོང་མི་རིགས་དགེ་འོས་སློབ་གྲྭར་སློབ་སྦྱོང་དུ་ཕྱིན་ཞིང་རིག་པ་དོན་གཉེར་གྱི་ཞོར་ལ་པི་ཝང་དང་གླིང་བུ། ཁ་སྦྲེང་བཅས་འབུད་དཀྲོལ་ལ་མཁས་པར་གྱུར། 1960ལོར་སློབ་མཐར་ཕྱིན་རྗེས། དཀར་མཛེས་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་ཁང་དུ་ལས་གནས་བགོས་ཏེ་ལོ་ཙཱའི་རིགས་གཞུང་སློབ་སྦྱོང་དང་ལག་ལེན་བརྒྱུད་དེ་རྒྱ་བོད་སྐད་ཡིག་གི་བྱང་ཚད་དང་ལོ་ཙཱའི་ཆུ་ཚད་དབྱར་ཆུ་རྒྱས་པ་བཞིན་ཇེ་བཟང་ཇེ་མཐོར་ཕྱིན་ཡོད།

1962ལོར། སྐལ་བཟང་ཆོས་འཕེལ་གྱིས་བསྒྱུར་བའི《ཨ་ཁུ་བསྟན་པས་ཡུགས་ས་མར་རོགས་རམ་བྱས་པ》སོགས་གཏམ་རྒྱུད་ཁག་གསུམ་ཚགས་པར་དུ་བཀོད། 1963ལོར་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དུ་ཟབ་སྦྱོང་ལ་ཕྱིན་ནས་ལོ་ཙཱ་གཙོས་པའི་རིགས་གཞུང་ཀུན་ལ་ངང་བ་པད་མཚོར་འཇུག་བཞིན་བརྩོན། ཕྱིར་ཚགས་པར་ཁང་དུ་ལོག་ནས་བོད་ཡིག་རྩོམ་སྒྲིག་ཁང་གི་འགན་འཁུར་བར་གྱུར། 1967ལོར་ཞིང་ཆེན་གྱི་འགོ་ཁྲིད་བློ་མཐུན་ཐེན་པའོ﹙སངས་རྒྱས་ཡེ་ཤེས﹚དཀར་མཛེས་ཁུལ་གྱི་དཀར་མཛེས་དང་བྲག་མགོ་རྫོང་གི་ས་འགུལ་གནོད་སྐྱོན་ཐེབས་ཡུལ་དུ་འཚམས་འདྲིར་ཕེབས་སྐབས་སྐལ་བཟང་ཆོས་འཕེལ་གྱིས་ལྷན་སྐྱོད་ལོ་ཙཱའི་ལས་འགན་ཁུར་བ་རེད།

སྐལ་བཟང་ཆོས་འཕེལ་ལོ23ལ་སོན་དུས་སྟབས་མ་ལེགས་པར་རིག་གནས་གསར་བརྗེའི་དུས་འཁྲུག་དང་ཁེལ། བགྲང་བྱ20ལྷག་གི་རིང་ལ་འཇིག་རྟེན་མི་ཡུལ་གྱི་སྐྱིད་སྡུག་གི་བྲོ་བ་ཐམས་ཅད་མ་མྱོང་བ་ཧ་ལམ་མེད་པ་རེད།

རིག་པ་དོན་གཉེར་བརྩོན་སེམས་རབ་ཏུ་ཆེ།། མཁས་མང་བསྟེན་ནས་ཤེས་བྱའི་བདུད་རྩི་བཏུང་།། དཔེ་ཁྲིད་མི་སྐྱོང་མཛད་འཕྲིན་མཁའ་བཞིན་ཁྱབ།། བརྩམས་ཆོས་རིན་ལྡན་རྗེས་རབས་སྐྱེས་སུ་ཕུལ།།

1981ལོར་ལོ38ལ་སོན་པའི་སྐལ་བཟང་ཆོས་འཕེལ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ལས་གནས་སྤོས་ནས་སློབ་ཁྲིད་མི་སྐྱོང་གི་ལས་ལ་གཞོལ། སྐབས་དེར་སློབ་གྲྭའི་ཆ་རྐྱེན་ཧ་ཅང་སྡུག་མོད། ཁོང་གིས་ཞོགས་སྔ་ལངས་དང་ནུབ་ཕྱི་ཉལ་གྱི་སྒོ་ནས་མཁས་དབང་མང་པོའི་མདུན་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རྫ་ཆུ་བསིལ་མ་བླངས་ཏེ་རང་རྒྱུད་བརླན་གང་ཐུབ་བྱས། སྤྱི་ལོ1986ལོར་དཀར་མཛེས་ཁུལ་མི་རིགས་ལས་བྱེད་སློབ་གྲྭར་ལས་གནས་སྤོས་ཏེ། 《རྒྱ་བོད་ལོ་ཙཱའི་རིགས་གཞུང་དང་ལག་ལེན》དང་། 《བོད་རིག་པའི་རྒྱུན་ཤེས》 《བོད་རིགས་ཀྱི་ཡུལ་སྲོལ་དང་གུས་ཞབས》 《བོད་ཡིག་ཡིག་གཟུགས》སོགས་ཀྱི་སློབ་ཁྲིད་ལས་འགན་བཞེས་པ་དང་། སློབ་གཞི་གསར་པ་དང་སློབ་གྲྭའི་བོད་ཡིག་དུས་དེབ་རྩོམ་སྒྲིག་གི་ལག་བསྟར་གཙོ་སྒྲིག་པའི་འགན་ཁུར་བ་རེད། ལོ་དེར་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་དཀར་མཛེས་ཁུལ་གྱི་བྱང་རྒྱུད་དུ་གཟིགས་ཞིབ་ཏུ་ཕེབས་དུས་ཁོང་གིས་ཡིག་ཐོག་ལོ་ཙཱའི་ལས་འགན་དང་དུ་བླངས་ཡོད།

1990ལོར་རྒྱ་བོད་ཤན་སྦྱར་སློབ་གཞི་པོད་བརྒྱད་དག་བཅོས་བསྐྱར་པར་དང་《རྒྱ་བོད་ཡིག་སྒྱུར་སློབ་དེབ》དང《བོད་ཀྱི་དག་ཡིག་སློབ་དེབ》རྩོམ་སྒྲིག་བྱས། 2004ལོར་རྒྱ་བོད་ཤན་སྦྱར་གྱི《བོད་ཀྱི་སྐད་ཡིག་སློབ་དེབ》དང《ལས་རིགས་སྐོར་གྱི་ཚིག་གྲུབ་སློབ་དེབ》གཙོ་སྒྲིག་བྱས། 《རྒྱལ་ཁམས་རིག་པས་བསྐོར་བའི་གསེར་གྱི་ཐང་མ》དང་《ཧི་མ་ལ་ཡའི་གཏམ་རྒྱུད》《རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག》 《དེབ་ཐེར་དཀར་པོ》བཅས་ཁོངས་སུ་གཏོགས་པའི《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་གཅེས་བསྡུས》འགྱུར་དེབ་ལ་ཞིང་ཆེན་སྲིད་གཞུང་གི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་ཕུལ་བྱུང་ཐེངས་བརྒྱད་པའི་བྱ་དགའ་ཨང་གསུམ་པ་ཐོབ། 《ཁང་གསར་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་མདོར་བསྡུས》ཞིང་ཆེན་བོད་ཡིག་སློབ་གྲྭའི《རྒྱ་བོད་ཡིག་སྒྱུར་སློབ་གཞི》 《རྒྱ་བོད་ཡིག་སྒྱུར་རིགས་གཞུང་དང་ལག་ལེན་རྣམ་བཤད》《ཞིང་སྡེ་གསར་པའི་འཛུགས་སྐྲུན་སྐོར་གྱི་དཔེ་ཚོགས》《དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་དགོན་པའི་ངོ་སྤྲོད་མདོར་བསྡུས》དེབ་སྟོད་སྨད་བར་གསུམ།《རྒྱལ་རོང་གི་གནས་ཆེན་དམུ་རྡོ》《ཤར་རྒྱལ་བ་བསྐལ་བཟང་དགོན་གྱི་བྱུང་བ་རགས་བསྡུས》 《སྐྱིད་པོ་འབའ་ཐང་སྔར་ལས་མཛེས》 《ལ་དྭགས་ཨའོ་ཝར་ཚགས་པར》 《ལྷ་སའི་ཁ་སྐད་ཚགས་པར》སོགས་རྒྱ་ཡིག་ཏུ་བསྒྱུར། 《གྲུ་གུ་གོ་རྫོང》 《འདན་མའི་ནས་རྫོང》སོགས་བསྒྱུར་ཏེ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་དང་རྒྱལ་ཁབ་རིག་གནས་པུའུ། ཀྲུང་གོ་རིག་རྩལ་ལྷན་ཚོགས། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་གླིང་བཅས་ཀྱི་གཟེངས་བསྟོད་ཐོབ། དཀར་མཛེས་ཁུལ་གྱི《དམངས་གཞས》དང་། 《བྲོ་གར》 《རོལ་ཆས་རོལ་དབྱངས》 《གཞས་གཏམ་རོལ་དབྱངས》 《དམངས་ཁྲོད་གཏམ་རྒྱུད》 《དམངས་ཁྲོད་གཏམ་དཔེ》 《བོད་ཀྱི་གཏམ་དཔེ་ཕྱོགས་བསྒྲིགས》 《ཁམས་མི་ཉག་ཕྱོགས་ཀྱི་གཏམ་དཔེ་དང་དམངས་གཞས་ཕྱོགས་བསྒྲིགས》 《ཁམས་པའི་གཏམ་དཔེ་གཅེས་བསྒྲིགས》《བོད་སྐད་ཚིག་རྐང་ཉིས་སྟོང་མ་བསླབ》ཀྱི་བོད་རྒྱ་ཤན་སྦྱར་པར་གཞི་ཆེ་ཕྲ་གཉིས་བཅས་དཔར་དུ་བསྐྲུན།

བོད་རྒྱ་ཤན་སྦྱར་གྱི《འབའ་བའི་གཞས་ཚིག་གཅེས་བསྡུས》དང《འབའ་བའི་གཞས་གདངས་གཅེས་བསྡུས》པོད་གསུམ་དང་། 《དཀར་མཛེས་ཁུལ་གྱི་ཉེ་རབས་སྐྱེས་ཆེན་དམ་པའི་རྣམ་ཐར》 《དཀར་མཛེས་བོད་རིག་པ》དཔྱད་རྩོམ་ཕྱོགས་བསྒྲིགས་དེབ་གསུམ། 《མིང་ཆིང་དང་མིན་གོའི་དུས་ཀྱི་ཀྲུང་དབྱང་སྲིད་གཞུང་དང་སི་ཁྲོན་མི་རིགས་ས་ཁུལ་གྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བསྒྲིགས》དེབ་གསུམ་སོགས་ལ་དག་ཞུས་བྱས།

《རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད》ཀྱི་ལས་ཀར་ཞུགས། 2013ལོར་ཁམས་པའི་བརྙན་འཕྲིན་ཁང་གི《ཁམས་པའི་གླེང་སྟེགས》ལེ་ཚན་དུ 《ས་སྐྱ་ལེགས་བཤད》འཆད་ཁྲིད་ཐེངས7གནང་ཞིང་། 《བྱམས་པའི་ཁ་བརྡ》ནས་དམངས་གཞས་དང་གཏམ་དཔེ་སྐོར་བཅར་འདྲི་ལེ་ཚན་གསུམ་བཏང་། 《བོད་རིགས་ཀྱི་ཡུལ་སྲོལ་དང་གུས་ལུགས》ལྷན་ཁྲིད་ཐེངས7གནང་།

རིག་པ་གཉེར་བའི་འགྲོ་ལམ་དུ་བརྩོན་ཤུགས་ཀྱིས་མདུན་ནས་མདུན་དུ་བདར་བས་སྐལ་བཟང་ཆོས་འཕེལ་གྱིས་བྲིས་པ་དང་རྩོམ་སྒྱུར། ཞིབ་བཅོས། རྩོམ་སྒྲིག་སོགས་རིགས་ཁག་གི་དཔེ་དེབ60ལྷག་ལ་ཟིན་པ་དང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་རིམ་པའི་ཚགས་དེབ་ཏུ་རྒྱ་བོད་ཡིག་རིགས་གཉིས་ཀྱི《108ཀྱི་སྣང་ཚུལ་ལ་ཐོག་མར་དཔྱད་པ》སོགས་དཔྱད་རྩོམ20ལྷག་བཀོད་ཅིང་། དཔྱད་རྩོམ《དཀར་མཛེས་ཁུལ་གེ་སར་གྱི་ཡུལ་ལྗོངས་དང་གནས་ཤུལ་བརྗོད་པ》ལ2002ལོར་ཀྲུང་གོ་སི་ཁྲོན་དཀར་མཛེས་ཁུལ་གྱི་གེ་སར་ཕ་སར་འཛོམས་པའི་རིག་གཞུང་གླེང་སྟེགས་ཀྱི་དཔྱད་རྩོམ་བྱ་དགའ་ཨང་དང་པོ་ཐོབ། 1999ལོ་ནས2006ལོའི་བར་ཁོང་གིས《གངས་དཀར་རི་བོ》དུས་དེབ་ཀྱི་ལག་བསྟར་གཙོ་སྒྲིག་པའི་འགན་བཞེས་ནས་དུས་དེབ12བཏོན་ཡོད། 1984ལོར་ཁུལ་དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཁུར། 1998ལོར་ཞུས་ཆེན་གྱི་གོ་མིང་ཐོབ་རྗེས་ཞིང་ཆེན་གྲངས་ཉུང་མི་རིགས་ཡི་གེའི་མཐོ་རིམ་གོ་མིང་དཔྱད་བསྡུར་ཨུ་ལྷན་གྱི་ཨུ་ཡོན་བྱས། 1998ལོ་ནས་སི་ཁྲོན་བོད་རིག་པ་ཞིབ་འཇུག་ཚོགས་པའི་ལས་འཛིན་དང་རྒྱུན་ལས་ལས་འཛིན་གྱི་འགན་ཁུར། 1999ལོ་ནས་བཟུང་དཀར་མཛེས་ཁུལ་རྒན་རྒོན་ཡིག་རིས་ཞིབ་འཇུག་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས་པ་དང་། དེའི་རྗེས་ཁུལ་ཡིག་གཟུགས་མཁན་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེས། ལོ་ངོ26རིང་ལ་ལོ་རེ་བཞིན་ཡིག་གཟུགས་དང་རི་མོ་འགྲེམས་སྟོན་གྱི་བྱེད་སྒོ་རྒྱུན་མ་ཆད་པ་སྤེལ། ཁོང་གི་བོད་ཡིག་དབུ་མེད་ཡིག་གཟུགས་བརྩམས་ཆོས་ད་ལྟ་ཡང་ཀོང་ཨན་གྲོང་ཁྱེར་གྱི་བློ་མཐུན་ཏེང་ཞའོ་ཕིང་གི་དྲན་གསོ་ཁང་དུ་འགེལ་ཡོད།

མི་ཚེའི་གོམ་ཁ་འབད་བརྩོན་ཕྱོགས་ལ་གཏད།། མི་ཚེའི་ལམ་དུ་འཚོལ་ཞིབ་ཞུམ་མེད་བྱས།། མི་ཚེའི་སྙིང་པོ་ལོན་པའི་མི་བོ་ཆེ།། མི་ཚེ་དོན་དང་ལྡན་པར་ཨེ་མ་རྨད།།

2004ལོར་ལས་འཁྱུར་ངལ་གསོ་བྱས་རྗེས་སློབ་གྲྭས་ཁོང་ལོ་བཅུ་བསྐྱར་དུ་གདན་དྲངས། དགུང་ལོ་བརྒྱད་ཅུར་སོན་ན་ཡང་། ཁོང་གིས་ད་དུང《དཀར་མཛེས་ཁུལ་གྱི་ས་མིང་རིག་གནས་འགྲེལ་བཤད》ལས་རྟའུ་དང་དར་མདོ། འབའ་ཐང་། དཀར་མཛེས། བརྒྱད་ཟིལ་བཅས་ཀྱི་ཆེད་དེབ་དང་། 《སྡེ་དགེ་རྒྱལ་པོའི་རྣམ་ཐར》དང《མིང་ཆིང་དང་མིན་གོའི་དུས་ཀྱི་ཀྲུང་དབྱང་སྲིད་གཞུང་དང་སི་ཁྲོན་མི་རིགས་ས་ཁུལ་གྱི་ལོ་རྒྱུས་ཡིག་ཚང་ཕྱོགས་བསྒྲིགས》བཅས་ཀྱི་བཤེར་གཅོད་ལས་འགན་བཞེས་པ་རེད།

སྔ་ཕྱིར་དཀར་མཛེས་ཁུལ་གེ་སར་རིག་གཞུང་ལྷན་ཚོགས་ཀྱི་བློ་འདྲི་བ་དང་ཁུལ་ནང་བསྟན་མཐུན་ཚོགས་བོད་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ཞིང་ཆེན་བོད་ཡིག་སློབ་གྲྭའི་མཐོ་རིམ་འཆད་ཁྲིད་དགེ་རྒན། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་ཁམས་བོད་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་བསྐོས་ཞིབ་འཇུག་པ། སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་མགྲོན་ཞུས་སློབ་དཔོན། ཞང་ཀང་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་བློ་འདྲི་བ། ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས 《བཀའ་བསྟན་འགྱུར》དཔེ་བསྡུར་ཅུས་ཀྱི་བློ་འདྲི་བ་བཅས་ལ་གདན་དྲངས་པ་རེད། དེ་མིན། 1994ལོར་ཁོང་ལ་དཀར་མཛེས་ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱི1990ལོ་ནས1994ལོའི་བར་གྱི་གུང་ཁྲན་ཏང་མི་ཕུལ་བྱུང་གི་མཚན་སྙན་ཐོབ་པ་དང་དཀར་མཛེས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པར་ཞུགས། 2002ལོར་ཁོང་གི་བོད་ཡིག་དབུ་མེད་ཀྱི་ཡིག་གཟུགས་བརྩམས་ཆོས་ལ་ཁུལ་རྒྱལ་ཁྲལ་གཟེངས་བུམ་ཡིག་གཟུགས་འགྲན་བསྡུར་ཐེངས་དང་པོའི་བྱ་དགའ་ཨང་དང་པོ་ཐོབ། 2004ལོར 《དཀར་མཛེས་ཉིན་རེའི་ཚགས་པར》བཀྲམ་ནས་ལོ་ལྔ་བཅུར་འཁོར་བར་ཁོང་ལ་མཛད་མཆོག་འཕྲིན་སྦྱོར་བའི་མཚན་སྙན་ཐོབ། 2010ལོར་ཁུལ་མི་རིགས་ལས་བྱེད་སློབ་གྲྭ་བཙུགས་ནས་ལོ60འཁོར་བར་སློབ་རོགས་ཕུལ་བྱུང་གི་མཚན་སྙན་ཐོབ། 2010ལོར་དཀར་མཛེས་ཁུལ་བཙུགས་ནས་ལོ60འཁོར་བར་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་སྤྱོད་རྩལ་གཉིས་ལྡན་གྱི་རིག་རྩལ་ལས་དོན་པའི་མཚན་སྙན་ཐོབ། 2014ལོར་ཁུལ་སྲིད་གཞུང་གིས་གནང་བའི་རིག་རྩལ་དང་སྒྱུ་རྩལ་སྐབས་དང་པོའི་ཚེ་གཅིག་གྲུབ་འབྲས་བྱ་དགའ་ཐོབ། 2014ལོར་ཀྲུང་གོ་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལོ་ཙཱ་བ་བསླབ་པ་རྒན་པོའི་གཟི་བརྗིད་མཚན་སྙན་ཐོབ། 2024ལོར་ཀྲུང་གུང་ཀྲུང་དབྱང་གིས་གནང་བའི“གཟི་བརྗིད་ངང་ཏང་དུ་ཞུགས་ནས་ལོ50འཁོར་བའི”དྲན་གསོའི་རྟགས་མ་ཐོབ་པ་རེད།།

༼ སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།༽