ཞིན་ཅིང་ནི་ཀྲོའུ་བྱང་མའི་མིང་རྒྱལ་པོ་ཡོན་ལོ(སྤྱི་ལོ557)ལ་བཙུགས་པ་ཡིན་ཞིང་། ད་ལྟའི་བར་ལོ1452སོང་ཡོད། ཡིན་ན་ཡང་། ཞིན་ཅིང་ཞེས་པའི་མིང་ནི་རྫོང་བཙུགས་པ་ལས་ཐོགས་སྔ་ཞིང་། ཧ་ལམ་ཧན་ཤར་མའི་ཅན་ཨན་ལོ་ཉེར་གཅིག་པའི་དུས(སྤྱི་ལོ216)ཡིན་ལ། ལོ་རྒྱུས་གཏམ་རྒྱུད་ཅིག་ཀྱང་ཡོད་པ་སྟེ།
ཞིན་ཅིང་ནི་ཁྲེང་ཏུའུ་ལྷོ་རྒྱུད་དུ་སྤྱི་ལེ40ཡས་མས་སུ་གནས་ཤིང་། ལྷོ་ནས་མེ་ཅ་ཀླུང་ཐང་བསླེབས་ཤིང་ནུབ་ཁམས་ཁུལ་དང་འབྲེལ་ཡོད། ཁྲེང་ཏུའུ་ལྷོ་རྒྱུད་ཀྱི་འགྲིམ་འགྲུལ་ས་ཚུགས་ཤིག་ཡིན་པ་རེད། འགྲིམ་འགྲུལ་གྱི་འགག་སྒོ་དེ་ནི་ཆུ་བོའི་རྒྱུག་ཕྱོགས་དང་འབྲེལ་བ་ཡོད་ཅིང་། མིང་ཅང་གཙང་པོ་ཏུའུ་ཅང་གཙང་པོར་བབས་རྗེས་ཕྱི་ནང་གཉིས་སུ་གྱེས་པ་དང་། ཕྱིའི་གཙང་པོ(ཅིན་མཱ་ཆུ་བོ་དང་དབྱང་མཱ་ཆུ་བོ། དབྱང་ལུའུ་ཆུ་བོ།)དང་ལྷོ་ཆུ། ནུབ་ཆུ་ཞིན་ཅིང་དུ་འདུས་རྗེས་ཕེང་ཧྲན་ཆུ་གཉིས་མདོ་ལ་ནེ་ཅང་གཙང་པོ་དང་འདྲེས་པས། ནམ་རྒྱུན་ཞིན་ཅིང་ལ་ཆུ་བོ་ལྔ་འཛོམས་ཡོད་ཅེས་འཆད་བཞིན་ཡོད། ཧན་ཤར་མའི་སྔོན་དུ། ཁྲེང་ཏུའུ་ནས་མེ་ཅ་ཀླུང་ཐང་བརྒྱུད་དུས་ཆུ་ལམ་དང་སྐམ་ལམ་གཉིས་ཀ་ཞིན་ཅིང་ནས་འགྲོ་མི་དགོས་ཤིང་། ཕེང་ཧྲན་ཆུ་གཉིས་མདོའི་མིང་ཅང་གི་ཧན་ཨན་ཟམ་པ་བརྒྱུད་དེ་འགྲོ་བ་རེད། ཡིན་ན་ཡང་སྐབས་དེ་དུས་ཧན་ཨན་ཟམ་པར་འགྲོ་དུས་ཧ་ཅང་སྟབས་མི་བདེ་བས་མི་སེར་ཚོས་དཀའ་སྡུག་ཆེན་པོ་མྱོང་གི་ཡོད། འགྲིམ་འགྲུལ་གྱི་གནས་བབ་དེ་ཕྱིས་སུ་ལི་ཡན་གྱིས་ཅན་ཝེའི་ཅུན་དཔོན་གྱི་འགན་བཞེས་དུས་གཞི་ནས་འཕོ་འགྱུར་ཐུབ་ཡོད།
བཤད་སྲོལ་ལྟར་ན། ལོ་ཞིག་གི་དབྱར་ཁར། ཆུ་གཉིས་མདོ་གྲོང་རྡལ་དུ་ཆུ་ཆེན་པོ་བྲུབས་ནས་ཧན་ཨན་ཟམ་པ་དེད་པ་དང་། གྲུ་ཡང་སྐྱོད་མི་ཐུབ་པས་འགྲིམ་འགྲུལ་ཆད་པ་རེད། གནས་ཚུལ་དེར་ལི་ཡན་གྱིས་སེམས་ཁྲལ་ཆེན་པོ་གནང་ཞིང་ལོ་ལྟར་འདི་འདྲ་བྱུང་ན་བསྡད་བཟོད་མི་ཐུབ་ལ་ཐབས་བྱས་ནས་གྲུ་ཁ་གཞན་ཞིག་མ་གཏོད་ཀ་མེད་རེད་སྙམ་པ་རེད། ཡིན་ན་ཡང་གྲུ་ཁ་གསར་པ་གང་དུ་གཏོད་དགོས་སམ། ལི་ཡན་གྱི་སེམས་པ་མུག་ཅིང་སྐྱོ་བར་གྱུར། ཉིན་ཞིག་གི་ཉིན་གུང་ལ་ཁོང་ཆུ་གཉིས་མདོ་གྲོང་རྡལ་གྱི་ཁྲོམ་ལམ་དུ་སྤྲོ་གསེང་ལ་ཕྱིན། ཁྲོམ་ལམ་གྱི་དབུས་སུ་སྨ་ར་དཀར་ཤར་ཤར་གྱི་རྒན་པ་ཞིག་དཀྱིལ་ཀྲུང་དུ་བཞུགས་ནས་མི་ཚོ་ལ་ཕྱྭ་མོ་འདེབས་བཞིན་འདུག་པ་མཐོང་བས་ཁོང་ཡང་དེར་རུབ་ནས་ལྟད་མོ་ལྟ། མི་རྒན་པའི་ཕྱྭ་མོ་འདེབས་སྟངས་ངོ་མཚར་ཆེ་བ་སྟེ། སྐད་ཆ་ཚིག་གཅིག་ཀྱང་མི་བཤད་ནས་བཞིན་རས་ཀྱི་དགའ་སྐྱོའི་རྣམ་འགྱུར་ལས་བཟང་ངན་བསྟན་པ་རེད། ལི་ཡན་གྱིས་འདི་ཚོད་མི་ཐིག་པ་ཞིག་རེད་སྙམ་ནས་འགྲོ་རྩིས་བྱེད་སྐབས། བསམ་ཡུལ་ལས་འདས་པ་རྒན་པས་དཔོན་པོ། ཅུང་སྒུགས་དང་། གྲུ་ཁ་གསར་པ་གཏོད་པའི་དོན་དག་དེ་མ་རེད་དམ་ཞེས་བཤད་པས། ལི་ཡན་གྱིས་ཐོས་རྗེས་ཧ་ལས་ཧང་སང་སྟེ་མི་རྒན་པ་འདིས་ངའི་དྲན་ཚུལ་ཅི་འདྲ་ཤེས་པ་ཡིན་ནམ་སྙམ་བཞིན་མདུན་དུ་བཅར་ནས་གསལ་པོ་ཞིག་འདྲི་དགོས་བསམས་ཀྱང་། རྒན་པས་སྐད་ཆ་མང་པོ་མི་བཤད་ཅིང་། རྫོང་བྱང་གཙང་འགྲམ་ལྷ་རི་ཡོད།། མཛེས་ལྗོངས་ངོ་མཚར་ཐེན་ཅིང་མཛེས།། ཞེས་པའི་ཚིག་རྐང་གཉིས་སྨྲས་རྗེས་དེ་མུར་སོང་། ལི་ཡན་གྱིས་དེ་མ་ཐག་རྒན་པ་གང་དུ་བཞུགས་ཡོད་ཅེས་དྲིས་པ་ན། རྒན་པས་ཕིང་ཀང་ཀྲི་ཞེས་པའི་ཕྲ་ཞིང་འཇམ་པའི་སྐད་ཀྱིས་ལན་བཏབ་རྗེས་མི་ཚོགས་ཀྱི་གསེང་ནས་མི་སྣང་བར་གྱུར། ལི་ཡན་གྱིས་དེ་རིང་ལས་སྐལ་བཟང་པོས་ལྷ་ཆེན་ཨ་ཀྲེང་མཇལ་ཐུབ་སོང་བ་གཞི་ནས་ཤེས། (མཆན། ལྷ་ཆེན་ཨ་ཀྲེང་ཞེས་པ་ནི་ཧན་དུས་རབས་ཀྱི་ལྷ་ཞིག་ཡིན་པར་བཤད་ཅིང་། ཞིན་ཅིང་རྫོང་གི་བྱང་དུ་ཡོད་པའི་ཕིང་ཀང་ཀྲི་ཞེས་པར་ལྷ་རུ་སྐྱེས་པར་གྲགས།)
དེ་ནས་ལི་ཡན་གྱིས་འཁོར་ཁྲིད་དེ་གཙང་འགྲམ་ནས་བྱང་དུ་བསྐྱོད། དུས་ཡུན་རིང་པོར་མི་འགོར་བར་ད་ལྟའི་ཞིན་ཅིང་གི་ལྷོ་ཆུའི་འགྲམ་གྱི་རི་བོ་ཞིའུ་ཅོའི(སྒོམ་རྟོགས་ཞེས་པའི་དོན)འདབས་སུ་བསླེབས། ས་དེར་ཆུ་བོ་ཆེན་པོ་མང་པོ་འདུས་ཤིང་ཆུ་རྒྱུན་དལ་ཞིང་འཇམ་པས་དངོས་གནས་གྲུ་ཁ་གཏོད་ཡུལ་བཟང་པོ་ཞིག་རེད། ཡིན་ན་ཡང་གཙང་འགྲམ་དུ་འགྱིང་ངེར་འགྲེངས་ཤིང་བྲག་རི་གཟར་ལ་མཐོ་བ་ནམ་མཁར་ཟུག་ཡོད་པའི་རི་བོ་ཞིའུ་ཅོ་ལ་ལྟ་དུས་ལི་ཡན་གྱི་སེམས་པ་གྲང་ཤུར་ཤུར་དུ་སོང་། གྲུ་ཁ་གཏོད་དགོས་ན་ངེས་པར་དུ་རི་འདབས་ནས་འགྲོ་ལམ་ཕུག་ནས་ཤར་ནུབ་སྦྲེལ་དགོས་ཀྱི་ཡོད་པས་རི་ཆེན་གྱི་བྲག་གཟར་ངོས་ནས་འགྲོ་ལམ་ཞིག་དུས་ནམ་ཞིག་ལ་དབུག་ཐུབ་བམ། ལི་ཡན་གྱིས་དབུགས་རིང་ནར་ནར་ཞིག་འཐེན་ཏེ་གནམ་སྔོན་མོས་མི་སྐྱོབ་ཐག་ཆོད་རེད་ཅེས་བཤད་དེ་ཅི་བྱ་གཏོལ་མེད་དུ་གྱུར།
ཏག་ཏག་དེའི་སྐབས་སུ། གཙང་ངོས་ནས་ཆུ་དགྲ་མེ་རེད་ཡོ། གནས་ཐབས་མེད། མེ་ཆུ་འཐབ་རེས་ཡོ། རི་སྟོང་འདུལ། ཞེས་པའི་ཉ་པའི་གླུ་ཞིག་གྲག་པ་དང་ལི་ཡན་གྱིས་དེའི་ཕྱོགས་སུ་ལྟ་དུས་གཙང་ཐོག་ཏུ་རྩྭས་བཟོས་ཆར་གོས་གྱོན་པའི་ཉ་པ་ཞིག་གིས་བག་ཕེབས་པོའི་ངང་ཕྱ་བ་དཀྲུག་བཞིན་པ་མཐོང་། ལི་ཡན་གྱིས་མེ་ཆུ་འཐབ་རེས་ཡོ། རི་སྟོང་འདུལ། ཞེས་པའི་གླུ་ཚིག་ཡང་ཡང་སྐྱོར་བཞིན་གློ་བུར་དུ་གོ་སོང་། འདི་ན་གྲུ་ཁ་གཏོད་དགོས་ཞེས་པའི་སྐད་བརྒྱབ། གང་རེད་ཅེ་ན། མ་གཞིར་མེ་ཆུ་དགྲ་ཡ་ཡིན་མོད། འོན་ཀྱང་མེས་རི་བྲག་བསྲེགས་རྗེས་ཆུ་གཏོར་བའི་ཚེ་བྲག་རི་ཚ་རྒྱས་གྲང་འཁུམ་གྱི་ནུས་པའི་འོག་གས་འགྲོ་བའི་རྐྱེན་གྱིས་རི་བྲག་ཕུག་སླ་པོ་ཡོད་པས་རེད། དེ་ནས་རི་ཕུག་པའི་ཨར་ལས་ལས་འགོ་བརྩམས་པ་རེད། ཅན་ཨན་ལོ་ཉེར་གཅིག་པའི་དུས་སུ། རི་འདབས་ཀྱི་འགྲོ་ལམ་ཕུག་སྟེ་གྲུ་ཁ་གསར་པ་ཞིག་བཏོད་པར་མིང་ལ་ཞིན་ཅིང་ཞེས་བཏགས་པ་རེད། (རྒྱ་ཡིག་གི་ཅིང་ཞེས་པའི་གོ་དོན་ནི་ཆུ་ལས་སྒྲོལ་བའི་དོན་རེད།)
དེ་ནས་བཟུང་། ཁྲེང་ཏུའུ་ནས་མེ་ཅ་ཀླུང་ཐང་བརྒྱུད་པའི་འགྲོ་ལམ་གསར་པ་ཞིག་བཏོད་པ་རེད། གྲུ་ཁ་གསར་པ་ཉིན་བཞིན་དར་རྒྱས་སུ་ཕྱིན་ནས་མཐར་སྤྱི་ལོ557ལོར་ཞིན་ཅིང་རྫོང་བཙུགས་པ་རེད། ཞིན་ཅིང་རྫོང་བཙུགས་རྗེས་དེ་མ་ཐག་ཁྲེང་ཏུའུ་ལྷོ་རྒྱུད་ཀྱི་འགྲིམ་འགྲུལ་འགག་སྒོ་གལ་ཆེན་དུ་གྱུར་པ་དང་། ཆུ་བོ་ལྔ་འདུས་པས་མིང་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ཆུ་འདྲེན་འགག་མདོར་ཡང་གྱུར། འགྲིམ་འགྲུལ་གལ་ཆེ་བའི་རྐྱེན་ཡིན་ལས་ཆེ་སྟེ་ཞིན་ཅིང་རྫོང་བཙུགས་པ་ནས་བཟུང་ད་ལྟའི་བར། རྫོང་མིང་ལ་འགྱུར་ལྡོག་ཕྱིན་མེད་པས་ཞིན་ཅིང་ནི་མིང་དོན་མཚུངས་པའི་ལོ་སྟོང་གི་གནའ་རྫོང་ཡིན་ནོ།།
( ཀྲོའུ་ཧུང་ཝེ་ཡིས་བྲིས་ཤིང་སྐལ་ཐུབ་ཀྱིས་བསྒྱུར། )
