国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལུས་ཟུངས་གསོ་བའི་མན་ངག་ལྔ།

འཛམ་གླིང་ཐོག་མི་མང་པོ་ཞིག་ལུས་བདེ་སེམས་སྐྱིད་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི། འཚོ་གནས་ཀྱི་ཁོར་ཡུག་སྐྱིད་པོ་དང་། དངོས་པོའི་ཆ་རྐྱེན་ལེགས་པའི་སྟོབས་ཀྱིས་མ་ཡིན་པར། དེ་ལས་ལྡོག་སྟེ་གཤམ་གསལ་གྱི་མན་ངག་ལྔ་དང་འབྲེལ་བ་ཡོད་དེ།

དང་པོ། སེམས་ཁམས་སྙོམ་སྒྲིག།

མི་ཞིག་གི་ལུས་པོ་བདེ་ཐང་མིན་པ་ནི་ཕལ་ཆེར་བ་སེམས་མི་བདེ་བ་ལས་བྱུང་བ་ཡིན་ཏེ། གལ་ཏེ་སེམས་ལ་རྙོག་འཛིང་མེད་པ་སེམས་ཞི་བ་དང་ལྷོད་ལ་ཕབས་ཏེ་སེམས་ཁམས་སྙོམ་སྒྲིག་ཐུབ་པར་བྱུང་ན། ལུས་ཕུང་རང་བཞིན་གྱིས་བདེ་ཐང་དུ་འགྲོ་སྲིད། གནའ་བོའི་གསོ་རིག་གི་བསྟན་བཅོས་དག་ལས། ནད་རིགས་མང་ཆེ་བ་ནི་རྣམ་རྟོག་གི་དྲན་འཁྲུལ་ལས་བྱུང་བར་བཤད་ཀྱིན་ཡོད། མི་ལ་འདོད་རྔམས་དང་ཞེ་སྡང་ཆེ་བ་སོགས་ཀྱིས་སུན་སྣང་བྱུང་ཚེ་ལུས་སེམས་དོ་མི་སྙོམས་པར་གྱུར་ནས་བདེ་ཐང་མིན་པར་འགྱུར་སྲིད། དཔེར་ན། མི་གཞན་དང་ཁ་རྩོད་བྱས་ན་ཉིན་འགའ་ལ་སེམས་ནས་ཁོང་ཁྲོ་མི་ཞི་བ་དང་། ཐ་ན་དགོང་མོ་གཉིད་ཀྱང་མི་ཁུག་པར་གྱུར། གལ་ཏེ་སེམས་ཁམས་སྙོམ་སྒྲིག་བྱེད་ཐུབ་ན། ནད་མང་པོ་ཞིག་རྩ་བ་ནས་མེད་པར་གཏོང་ཐུབ། དེའི་ཕྱིར་ལུས་ཟུངས་གསོ་བའི་ཐབས་ཆེས་ཐོག་མ་ནི་སེམས་སྙོམ་སྒྲིག་བྱ་རྒྱུ་དེ་ཡིན་པ་རེད། ང་ཚོ་ནམ་རྒྱུན་ལུས་སེམས་ངལ་དུབ་ཀྱིས་གདུང་སྐབས། ཚོད་ལྟ་ཞིག་བྱས་ཏེ་སེམས་རྙོག་འཛིང་གི་དྲ་བ་ལས་ཐར་ཐབས་ལ་བརྩོན་དང་། དེའི་ཁྲོད་ནས་སེམས་ཞི་ལྷོད་དང་སྤྲོ་སྣང་ཡོང་ཐུབ་ལ། ལུས་པོ་ཀྱང་རང་བཞིན་གྱིས་བདེ་ཐང་ཡོང་ཐུབ།

གཉིས་པ། བཟའ་བཏུང་སྙོམ་སྒྲིག།

ད་ལྟ་མི་མང་པོ་ཞིག་གི་བཟའ་བཏུང་ལ་ངེས་གཏན་ཁྱོན་ནས་མེད་པ་སྟེ། ཟ་མ་དུས་ངེས་མེད་དུ་བཟའ་བ་དང་། བཟའ་རྒྱུ་མང་དྲགས་པ་དང་ཉུང་དྲགས་པ་སོགས་མདོར་ན་བཟའ་བཏུང་ཆ་མི་སྙོམ་པ་སྟེ། དེ་དག་གིས་གཟུགས་པོར་གནོད་པ་ཧ་ཅང་ཆེན་པོ་བཟོ་སྲིད། གནའ་བོའི་བསྟན་བཅོས་དག་ལས། བཟའ་རྒྱུ་མང་ཏེ་རྒྱགས་དྲགས་པ་དང་། ཡང་ན་བཟའ་བ་ཉུང་བ། དུས་ཚོད་ངེས་གཏན་མེད་པ་དང་། སྣུམ་ཚིལ་མང་བ་དང་བྲོ་རྫས་སོགས་འདུས་ཚད་མཐོ་བའི་ཟས་རིགས་དང་། ཧ་ཅང་ཁ་ཚ་བ། ཚྭ་མང་བ། སྦྲིད་བྱེད་ཀྱི་འདུས་རྫས་མང་བ་བཅས་ལུས་པོར་གནོད་འཚེ་ཆེན་པོ་ཡོད་པར་བཤད་ལ། སྤྱིའི་ཆ་ནས་བཤད་ན། དཀར་ཟས་ནི་ཆེས་འཚམ་པའི་ཟས་རིགས་ཤིག་སྟེ། ད་ལྟ་འཛམ་གླིང་ཐོག་སྨན་པ་དང་མི་ཆོས་རིང་ལུགས་པ་མང་པོ་ཞིག་གིས་མི་རྣམས་ལ་དཀར་ཟས་བཟའ་རྒྱུར་འབོད་སྐུལ་གཏོང་གིན་ཡོད་པ་ནི། གལ་ཏེ་ཤ་རིགས་ཟས་དྲགས་ན། དོན་ལྔ་སྣོད་དྲུག་ལ་ཁུར་པོ་ལྕི་མོ་བཟོ་སྲིད་པ་དང་། དཀར་ཟས་ནི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད་པའི་དྭངས་གཙང་གི་ཟས་རིགས་ཤིག་ཡིན་པས་རེད།

གསུམ། གཉིད་ལེགས་སྒྲིག།

མི་རྣམས་ངལ་དུབ་དང་སེམས་ཚེགས་བྱུང་རྗེས། ངེས་པར་དུ་ངལ་གསོ་བྱས་ནས་ལུས་ཤུགས་སླར་གསོ་བྱ་དགོས། གཉིད་ཉལ་བ་ནི་རྒྱུན་མཐོང་གི་ངལ་གསོ་བྱེད་ཐབས་ཤིག་ཡིན། ནམ་རྒྱུན་གཉིད་ལ་ཚོད་འཛིན་བྱ་དགོས་ཏེ། གཉིད་ཡུན་རིང་ན་རྣམ་རིག་མི་གསལ་བ་དང་། ཡུན་ཐུང་ན་ལུས་ཤུགས་སླར་གསོ་བྱེད་མི་ཐུབ་པས། ཆེས་ལུགས་མཐུན་གྱི་གཉིད་ཉལ་བའི་དུས་ཚོད་ནི། དགོང་མོའི་དུས་ཚོད་༡༠ནས་ཞོགས་པའི་དུས་ཚོད༥པའི་བར་ཡིན། གལ་སྲིད་དུས་སྐབས་འདིར་གཉིད་སྐྱིད་པོ་ཞིག་ཡོང་ཐུབ་ན། ང་ཚོའི་ལུས་སེམས་གཉིས་ཀར་ངལ་གསོ་འདང་ངེས་ཞིག་ཡོང་ཐུབ་སྟེ། རྒྱུ་མཚན་ཉི་ཟླའི་འཁོར་སྐྱོད་དང་མིའི་ལུས་ཁམས་ཀྱི་རྩ་ལམ་འཁོར་སྐྱོད་སོགས་ལ་འབྲེལ་བ་ངེས་ཅན་ཡོད་པས་རེད། གལ་ཏེ་དུས་ཡུན་རིང་པོར་ཉིན་མཚན་གོ་ལྡོག་པ་དང་ངལ་དུབ་ཆེ་དྲགས་ན། ལུས་ཕུང་ལ་གནོད་པ་ངེས་ཅན་ཞིག་ཐེབས་སྲིད། དེར་བརྟེན། དུས་རྒྱུན་དགོང་སྔ་ཉལ་དང་། ཞོགས་སྔ་ལངས་བྱེད་ཐུབ་ན། འདི་ནི་ལུས་ཕུང་བདེ་ཐང་ལ་ཆེས་བཟང་བ་ཡིན།

བཞི་པ། དབུགས་འབྱིན་རྡུབ།

དབུགས་འབྱིན་རྔུབ་ཀྱིས་ནད་སེལ་ཐུབ་པ་དང་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ། བོད་ཁ་བ་ཅན་གྱི་ལྗོངས་འདིར་དབུགས་འབྱིན་རྔུབ་ཐབས་མང་པོ་ཡོད་སྟེ། དཔེར་ན་སྔོན་ལ་ཡིག་འབྲུ་ཨཱ་དང་ཧྲཱི་ལྟ་བུ་ལ་ལྟ་བ་དང་དེ་རྗེས་དེ་ག་ལེར་ག་ལེར་འབྱིན་པ་དང་། ག་ལེར་རྔུབ་པ་སྟེ། དབུགས་ཡང་ཡང་འབྱིན་རྔུབ་བྱས་ན། གཟུགས་པོར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་ཞོགས་པ་མལ་ལས་ལངས་སྐབས་སྣ་སྒོ་ནས་དབུགས་དལ་བུར་འབྱིན་པ་དང་། ཡང་ན་དལ་བུར་ནང་དུ་རྔུབ་པ། ཡང་ན་ཧ། ཧ། ཧ། ཞེས་པའི་སྒྲ་དང་བཅས་ནས་ཕྱིར་འཕེན་པ་དང་། དེ་ལྟར་ཐེངས་མང་བྱས་ན། ཧོང་ཏིའི་སྨན་གཞུང་ལས། འགོག་ཤུགས་ནང་དུ་ལྡན་གྱུར་ན།། ལོག་ངན་གཞན་དུ་འགྱུར་མི་སྲིད།། ཅེས་བཤད་པ་ལྟར། སེམས་རྣལ་དུ་འབབ་པ་དང་། འགོག་ཤུགས་དང་ལྡན་ཞིང་། རྩ་ལམ་འཁོར་སྐྱོད་རྒྱུན་ལྡན་ཡིན་པ་བཅས་ཡོང་ཐུབ་པས། དེས་མིའི་ལུས་ཁམས་ཀྱི་རིམས་འགོག་ནུས་པ་གོང་འཕེལ་དུ་གཏོང་ཐུབ་པ་དང་ནད་ངན་འགོ་བའི་གོ་སྐབས་མེད་པར་བཏང་ཐུབ།

ལྔ་པ། ལུས་སྦྱོང་སྙོམ་སྒྲིག།

ལུས་པོ་སྙོམ་སྒྲིག་བྱེད་པ་ནི། ལུས་པོ་དྲང་པོ་བྱེད་པའི་རྣམ་པ་ཞིག་ཡིན་ལ། དེ་ནི་རླུང་སྒོམ་པ་དང་འགུལ་བསྐྱོད་གཉིས་འདུས་ཞིག་སྟེ། མི་རྣམས་ཀྱིས་རྒྱུན་དུ། ཚེ་སྲོག་ནི་འགུལ་སྐྱོད་ལ་རག་ལས་ཡོད་ ཅེས་བཤད་མོད། འོན་ཀྱང་འགུལ་བསྐྱོད་ཁོ་ན་ལས་རླུང་སྒོམ་པ་སོགས་ནད་བཅོས་པར་སྤྱོད་པའི་ཐབས་ཚུལ་མེད་ན། ཚེ་ཐག་ཇེ་རིང་དུ་འགྲོ་བའི་ངེས་པ་མེད། དོན་དངོས་ཐོག་སེམས་རྣལ་དུ་ཕབས་ཏེ་བསམ་བློ་གཏོང་བ་དང་། དམིགས་པ་རྩེ་གཅིག་པས་ནང་སེམས་ཞི་ལྷོད་ཡོང་ན། ལུས་སེམས་གཉིས་ཀར་མི་མངོན་པའི་ནུས་པ་ཧ་ཅང་ཆེན་པོ་ཞིག་སྐུལ་སློང་བྱེད་ཐུབ། དཔེར་ན། གནའ་བོའི་ཤེས་ལྡན་པ་ཚོ་བཟའ་བཏུང་ཧ་ཅང་སྟབས་བདེ་ཡིན་པ་དང་། འཚོ་བའི་ཆ་རྐྱེན་ཞན་པས་ཐ་ན་ཆར་རླུང་འགོག་པའི་སྡོད་གནས་ཙམ་མེད་མོད། འོན་ཀྱང་རླུང་སྒོམ་དང་རྩལ་སྦྱོང་བ་ལ་དགའ་བའི་རྐྱེན་གྱིས་ཚེ་རིང་བདེ་དགར་འཚོ་ཐུབ་ཀྱིན་ཡོད། དེར་བརྟེན་འགུལ་སྐྱོད་དང་ཞི་གནས་སྒོམ་པ་ཟུང་འབྲེལ་བྱས་ན། ལུས་ཟུངས་ཡག་པོ་ཞིག་གསོ་ཐུབ། ཞོགས་པར་མལ་ལས་ལངས་རྗེས། རབ་ཡིན་ན་སེམས་རྩེ་གཅིག་པར་གནས་ཐུབ་ན་ཧ་ཅང་ལེགས། དེ་ལྟར་མ་ཐུབ་རུང་ཅི་ཡང་མི་དྲན་པར་སེམས་ལྷོད་ལ་འབབ་ཏུ་བཅུག་ནས་སྐར་མ་ཁ་ཤས་དང་། ཡང་ན་དུས་ཚོད་ཕྱེད་ཙམ་ལ་འདུག་དགོས། འདི་ལྟར་སེམས་རྩེ་གཅིག་པའི་དམིགས་རིམ་ལ་བསླབས་ནས་སྒོམ་སྒྲུབ་ཀྱིས་ལུས་སེམས་གསོ་བར་བྱས་ན། རྩ་ལམ་ཁྲོད་ཀྱི་དབུགས་འཁོར་སྐྱོད་རྒྱུན་ལྡན་ཡོང་ཐུབ་པས། དེས་ལུས་སེམས་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད།།

( ཀུན་དགས་བསྡུས་སྒྲིག་བྱས།)