国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལོ་ཟླའི་འཆར་ནུབ།

དགུན་གྱི་གྲང་ངར་ལུས་ཀྱིས་ཉོ་དུས་ཤིག །

ཟབ་སྦྱོང་འཛིན་གྲྭའི་སློབ་མ་ཡིན་དུས་ཤིག །

སྣང་བའི་རི་མོ་དགུང་ལ་འབྲི་དུས་ཤིག །

སེམས་ཀྱི་ཟབ་ས་ཁྱོད་ལས་མེད་དུས་ཤིག །

ཡིད་ཀྱི་སྙན་ངག་ཐང་ཆེན་རེ་ནས་བཙལ། །

ཚོར་བའི་མེ་ཏོག་ཡིད་ལ་འཁྲུངས་དུས་ཤིག །

རབ་འབྱམས་རྒྱ་མཚོའི་དབྱངས་ཀུན་རྫོགས་པའི་སེམས། །

ཡིད་ནས་མགུར་བ་འཐད་ཅེས་དམ་ཚིག་བཞག །

དེ་ནས་བྲིས་པའི་ལོ་ཟླའི་རི་མོ་ཀུན། །

བཅོས་མས་མ་བསྒྱུར་བརྩེ་བའི་ཚོར་འདུ་ལས། །

བྱུང་བའི་ལོ་རྒྱུས་སྲོག་གིས་ཟིན་པ་དེ། །

ཁྱོད་ཅེས་ཐ་སྙད་གཅིག་གིས་བསྐྲུན་པར་བྱས། །

ཉིན་མཚན་ཐུན་བཞི་གཅིག་ནས་གཅིག་གི་བར། །

མ་ཆག་རང་ཤར་དྲན་པའི་ཏིང་འཛིན་ལ། །

དགའ་འཁྱིལ་རི་མོ་མ་བཅོས་གསལ་བ་དེས། །

ཡ་ཆུང་སྡུ་གུར་བརྩེ་བའི་རྒྱ་མཚོས་གང་། །

ཁྲེལ་གཞུང་ངོ་ཚ་བརྩེ་དུང་དཔང་དུ་བཅོལ། །

དམ་ཚིག་མཐུན་ལུང་རྣ་བའི་བུ་གར་དྲངས། །

ཞེ་ཆོད་ཞེན་པ་གཟུགས་མེད་སེམས་ཀྱིས་བསྐྲུན། །

བརྩེ་བའི་བར་ཐག་སེམས་ཀྱི་ཟབ་སར་བཅངས། །

ལས་སྣང་ཆར་ཟིལ་ཐོད་པའི་སྤང་དུ་ལྷུང་། །

མཛའ་མཐུན་ས་བོན་ཆར་གྱིས་ཡང་ཡང་བརླན། །

དུང་སེམས་མེ་ཏོག་མགོ་བོ་འབུས་པ་ཡིས། །

སེམས་ཀྱི་དག་ཞིང་མཛེས་སྡུག་བཞད་པས་ཁེངས། །

དུས་བཞིའི་མི་རྟག་གློག་འཁྱུག་མྱུར་མོ་ལྟར། །

རིམ་གྱིས་བརྒལ་ཞིང་འཕྲལ་དུ་ཟད་པས་ན། །

ཚེ་ལོ་བཞི་ལྔའི་མཛའ་བ་མ་བོར་བས། །

ཡིད་ཀྱི་ཕྱི་ནང་འཇའ་ཚོན་སྣ་ལྔས་ཕྱུག །

རི་རྩེར་གྲངས་མེད་སྐྲ་དཀར་ཁ་བས་བརྒྱན། །

ས་ཞིང་ཆེ་ཆུང་གཡུ་མདོག་མཛེས་དུས་ཤིག །

ཆུ་བོ་ཕར་ཚུར་སྔོ་ལྗང་འབུས་དུས་ཤིག །

འདུ་བྲལ་མེ་ལོང་སེམས་སུ་གསལ་བ་འདི། །

འགྲོགས་ནས་ཨ་གསར་འཁོར་བའི་ཆོས་ཉིད་དེ། །

གནམ་གྱི་བསྐོས་ཐང་འུ་གཉིས་ལྷུང་དུས་ལ། །

མིག་ནས་ཆར་ཆུ་ཟད་མེད་བབས་ན་ཡང་། །

ན་ཟུག་རེ་རེ་རྨེག་མེད་ཨེ་ཐུབ་བམ། །

ཞེ་ལ་བྱམས་པ་རིང་མ་ཐུང་གི་བར། །

དགའ་དང་སྐྱོ་བའི་སེམས་སྣང་འདྲེས་མ་དེས། །

འདུ་འབྲལ་ཆོས་ཉིད་དེ་ལས་མ་འདས་ཀྱང་། །

དྲན་པའི་རྨ་ཁ་སུས་ཀྱང་གསོ་ཐབས་དཀའ། །

ད་ནས་ཚོར་བྲིས་སེམས་ཀྱི་སྣང་ཞེན་ལ། །

མ་ཆགས་མེད་པ་རྩེ་གཅིག་དམ་ཚིག་གིས། །

ཁེར་འདུག་བག་ཆགས་ཚུལ་ལ་རབ་སྤྲོ་བས། །

སྙན་ངག་ཐར་ཐོར་ལྷིངས་འཇགས་ཕྱོགས་སུ་གཏོར། །

༼ རང་མདངས། ༽