国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་ཡིས་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། དུང་དཀར་ལུང་པ་བཅས་ལ་བརྟག་ཞིབ་གནང་སྐབས།

ས་བབ་ཀྱི་ལེགས་ཆར་དམིགས་ཤིང་འགན་འཁྲི་ཁུར་ནས་དར་མདོ་དང་ལྕགས་ཟམ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་བའི་གོམ་སྟབས་བརྟན་པོར་སྤོ་དགོས་ཞེས་གསུངས།

སྤྱི་ཟླ3པའི་ཚེས16ཉིན་ཀྲའོ་པོ་ཡིས་ལྕགས་ཟམ་རྫོང་གི་སྦག་མེད་བཟོ་ལས་གླིང་ཁུལ་དུ་བརྟག་ཞིབ་གནང་བཞིན་པ།སྤྱི་ཟླ3པའི་ཚེས16ཉིན་ཀྲའོ་པོ་ཡིས་ལྕགས་ཟམ་རྫོང་གི་སྦག་མེད་བཟོ་ལས་གླིང་ཁུལ་དུ་བརྟག་ཞིབ་གནང་བཞིན་པ།

སྤྱི་ཟླ3པའི་ཚེས15ནས་ཚེས16ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། དུང་དཀར་ལུང་པ་བཅས་སུ་བརྟག་ཞིབ་ཏུ་ཕེབས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སྦྱོང་སྒྲོག་ལག་ལེན་བསྟར་བ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱས་ཏེ། ས་བབ་ཀྱི་ལེགས་ཆར་གཞི་ཚུགས་པ་དང་འགན་འཁྲི་འཁུར་ཕོད་པ་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐད་བྱས་རྗེས་དེ་བས་ཆེ་བ་བཞག་ནས་དར་མདོ་དང་ལྕགས་ཟམ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་བའི་གོམ་སྟབས་བརྟན་པོར་སྤོ་དགོས་ཞེས་ནན་གསུང་གནང་།

དར་མདོ་དང་ལྕགས་ཟམ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ནི་དཀར་མཛེས་ཁུལ་དཔལ་འབྱོར་གྱི་འཕར་སྣེ་གལ་ཆེན་ཞིག་རེད། གཉའ་རྒྱབ་སྒང་ཕུག་ལམ་སྐྲུན་ཡུལ་དུ་ཀྲའོ་པོ་ཡིས་ལས་གྲྭ་འཛུགས་སྐྲུན་གྱི་མྱུར་ཚད་དང་། སྤུས་ཚད་དོ་དམ་ཚོད་འཛིན། ཉེན་མེད་འགོག་སྲུང་བྱ་ཐབས་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་། ལྕགས་ཟམ་རྫོང་གི་ཁུག་རྟ་ལུང་པ་གྲོང་རྡལ་ཀོའུ་ཅ་ཕིང་དུ་ཀྲའོ་པོ་ཡིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཆར་འགོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་ནས་ད་སྔར་གཞི་ཚུགས་ཤིང་ཕུགས་ལ་དམིགས་ཏེ་དར་མདོ་དང་ལྕགས་ཟམ་གྲོང་ཡུལ་མཉམ་འདྲེས་དང་། འགྲོ་ལམ་འགྲིམ་འགྲུལ། དེང་རབས་ཐོན་ལས། སྐྱེ་ཁམས་ཁོར་ཡུག། སྤྱི་པའི་ཞབས་ཞུ་སོགས་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་སྒོས་སྐུལ་བ་དང་། སོ་སོས་ཁྱད་ཡོན་འདོན་སྤེལ་དང་ནུས་པ་གསབ་རེས་བྱེད་པའི་གྲོང་ཁྱེར་བར་གྱི་མཉམ་འབྲེལ་སྒྲིག་གཞི་བསྐྲུན་ནས་ས་ཁོངས་དཔལ་འབྱོར་གྱི་འདེགས་སྐྱོར་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏང་དགོས་ཞེས་གསུངས། ཁྱད་ཡོན་ཐོན་ལས་རིམ་སྤོར་འཕེལ་རྒྱས་ལ་སྐུལ་བ་ནི་དར་མདོ་དང་ལྕགས་ཟམ་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་དང་སྒུལ་ཤུགས་ཤིག་རེད། དུང་དཀར་ལུང་པའི་ལྗོངས་ཁུལ་དུ་ཀྲའོ་པོ་ཡིས་ལྗོངས་ཁུལ་གྱི་གནོད་རྗེས་ཀྱི་རྨང་གཞིའི་སྒྲིག་བཀོད་སླར་གསོ་བསྐྱར་སྐྲུན་དང་། ལྗོངས་ཁུལ་གཉེར་སྐྱོང་དོ་དམ། ཚ་ཆུ་ཡུལ་སྐོར་ལས་གཞི་གསར་སྤེལ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་། ལྕགས་ཟམ་རྫོང་གི་རི་མཇུག་གྲོང་རྡལ་དུ་ཀྲའོ་པོ་ཡིས་མུའུ་སྟོང་གི་བཟོ་ལས་གཅིག་སྡུད་འཕེལ་རྒྱས་ལ་སྤྱོད་པའི་ས་ཆའི་འཆར་འགོད་གནས་ཚུལ་སྙན་སེང་ལ་ཉན་པ་དང་ལྕགས་ཟམ་རྫོང་གི་ལྷད་མེད་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་གྱི་མྱུར་ཚད་དང་ཁེ་ལས་བཅའ་སྡོད་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་དམིགས་ནས། ལྷད་མེད་བཟོ་ལས་གླིང་ཁུལ་གྱི་ཚོང་འགུགས་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་ཞིང་། ཁེ་ལས་ཀྱི་ཞབས་ཞུའི་འགན་ལེན་ལ་ཤུགས་བསྣན་ཏེ། གླིང་ཁུལ་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། ཐོན་ལས་ལེགས་འགྱུར་དང་སྤུས་ལེགས་ཡོང་བར་བསྐུལ་ནས། དར་མདོ་དང་ལྕགས་ཟམ་གཞི་གཅིག་ཅན་གྱི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏང་དགོས་ཞེས་གསུངས།

བརྟག་ཞིབ་རིང་ལ། ཀྲའོ་པོ་ད་དུང་དཀར་མཛེས་ལས་རིགས་སློབ་གླིང་དུ་སློབ་བསྡུ་སློབ་ཞུགས་དང་ཆེད་ལས་བཀོད་སྒྲིག། དངོས་སྦྱོང་སློབ་ཁྲིད། ལས་ཞུགས་འགན་ལེན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་གནང་ཡོད།( ལྷ་འཛོམས་ཀྱིས་བསྒྱུར།)