国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གིས་ཤུགས་བསྒྲིམས་ནས“ལོ་ལྔའི་འཆར་འགོད་ བཅོ་ལྔ་པར”གདོང་མཆོང་བྱས།

5099_02B_20260318འདན་མ་སྐྱེ་ཁམས་ཞིང་ལས་གླིང་།

དཔྱིད་ཀྱི་དཔལ་མོ་རྫ་ཆུའི་འགྲམ་དུ་སླེབས་ལ་ཉེ་བ་དང་བསྟུན་ནས། མདུན་སྐྱོད་ཀྱི་གོམ་སྒྲ་རྫ་ཆུ་ཁ་རྩྭ་ཐང་ཆེན་མོར་གྲག། 2026ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན་ལ། སེར་ཤུལ་རྫོང་ལ་མཚོན་ན་དཀར་མཛེས་ཁུལ་སི་ཁྲོན་ནུབ་བྱང་སྐྱེ་ཁམས་དཔེ་སྟོན་ཁུལ་གྱི་ལྟེ་གནས་ཡིན་པའི་ཚད་དཔོག་ལ་གཞིགས་ནས། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་འགག་རྩའི་དུས་མཚམས་ཤིག་ཀྱང་ཡིན། “137”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ་དང་བསྟུན་ནས། དམིགས་འབེན་རླབས་པོ་ཆེ་རེ་རེ་ཚ་ཚ་འུར་འུར་གྱིས་འགུལ་བཞིན་ཨར་ལས་ཀྱི་ཡུལ་དངོས་རེ་རེ་དང་། སྔོ་ལྗང་རྩྭ་ར་རེ་རེ། བདེ་སྐྱིད་ཀྱི་འཛུམ་མདངས་རེ་རེ་བཅས་ལ་སྒྱུར་བཞིན་ཡོད།

སྦག་མེད་ནུས་རྒྱུ་དང་ཁྱད་ལྡན་ཐོན་ལས་ཀྱིས་ཕྱུག་ལམ་རྒྱ་བསྐྱེད་བཏང་།

སྡེ་གཞུང་མ་ཡུལ་ཤོག་གི་ཡུལ་མི་བཀྲ་ཤིས་ཟླ་བས་སྒོ་སྔོན་གྱི་ཐང་རྒོད་ལ་ཅེར་ནས་རེ་བ་ཆེན་པོས་ཁེངས་བཞིན་ཡོད། སི་ཁྲོན་ཞིང་ཆེན་གྱི་གཙོ་གནད་ལས་གྲྭ་སྟེ་སེར་ཤུལ་རྫོང་གིས་མ་དངུལ་སྒོར་དུང་ཕྱུར4.2བཏང་བའི་སྟོང་ཝ་ཁྲི10ཡི་འོད་ཤུགས་དང་ནུས་གསོག་ལས་གཞིའི་ལས་འགོ་འཛུགས་ལ་ཁད་རེད་འདུག། ལས་གཞི་ད་དུང་དངོས་སུ་འགོ་རྩོམ་མེད་ཀྱང་བཀྲ་ཤིས་ཟླ་བས་འབྱུང་འགྱུར་ལ་རེ་བ་ཆེན་པོ་འཆང་བཞིན་ད་སྔོན་ཡིན་ན་གློག་སྤྱོད་བརྟན་པོ་མིན། ཕྱིན་ཆད་གློག་སྤྱད་རྒྱུར་སེམས་ཁྲལ་བྱེད་དགོས་ས་མ་རེད། ད་དུང་རང་གི་སྒོ་འགྲམ་གྱི་ཨར་ལས་ལས་ཡུལ་ནས་ལས་ཀ་འགུལ་ཏེ་སྒོར་མོ་བཙལ་ཐུབ་ས་རེད་ཅེས་བཤད།

ལས་གཞི་དེའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་དཔག་བྱས་ན་ལས་གཞི་དེས་ལོ་རེའི་གློག་མཁོ་འདོན་བྱེད་ཚད་དུས་ཚོད་རེར་སྟོང་ཝ་དུང་ཕྱུར1.5ལ་ཟིན་ཐུབ་པ་དང་། གྲུབ་ནས་འཁོར་སྐྱོད་ཐུབ་རྗེས་རྫོང་ཁོངས་ཀྱི་ལོ་མང་པོའི་རིང་ལ་བཟོ་ལས་དང་དམངས་འཚོའི་ཐད་གློག་མི་འདང་བའི་གནས་ཚུལ་རྩ་བ་ཉིད་ནས་ཐག་གཅད་ཐུབ་པར་མ་ཟད། ལས་གཞི་འཛུགས་སྐྲུན་རིང་དང་གཉེར་སྐྱོང་བྱེད་འགོ་བཙུགས་རྗེས་དེ་གའི་མང་ཚོགས200ལྷག་ལས་ཞུགས་བརྟན་པོ་ཐུབ་རྒྱུར་ཐད་ཀར་སྐུལ་ཁྲིད་བྱེད་ཐུབ། བཀྲ་ཤིས་ཟླ་བ་དང་མཚུངས་པའི་འབྲོག་པ་ཚོ“སྦག་མེད་གློག་ཕོར”ལ་བརྟེན་ནས་ལས་ཀ་རྙེད་ཐུབ་པ་དང་། སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཀྱི་ཁེ་ཕན་གཉིས་ལྡན་བྱུང་ཐུབ།

འོད་ཤུགས་ཐོན་ལས་དོན་འཁྱོལ་བྱུང་བ་ནི། སེར་ཤུལ་རྫོང་གིས་དཀར་མཛེས་ཁུལ་གྱི“ནུས་རྒྱུ་གཙང་མའི་རྟེན་གཞི་འཛུགས་སྐྲུན”གྱི་བཀོད་སྒྲིག་ལ་དམིགས་ནས་ལས་གཞི་གསོག་འཇོག་གྱི“མཛོད་གསུམ”གསེད་བཀྲོལ་གནད་ལ་འཁེལ་བ་བྱས་ཏེ་འཁོར་རྒྱུག་བཟང་པོ་ཞིག་ཆགས་པའི་ར་སྤྲོད་ནུས་ལྡན་ཞིག་རེད། དེ་བཞིན་ལོ་འགོར་འཛུགས་མ་ཐག་གདོང་མཆོང་བྱེད་པའི་ལས་གཞི་སྟེ། མ་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར3.92བཏང་བའི་རྫོང་སློབ་འབྲིང་ལྕགས་ཟམ་མཐོ་འབྲིང་སློབ་ཁུལ་གྱི་ཕྱི་ཁོག་ཨར་ལས་སྐྲུན་བཞིན་པའི་སྒང་ཡིན་ལ། བསྐྲུན་ཚར་རྗེས་སློབ་མ3000ཤོང་ཐུབ་པས་སེར་ཤུལ་རྫོང་ལ་མཐོ་རིམ་སློབ་འབྲིང་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ། མཐོ་སྒང་གི་ནོར་མཆོག་འབྲི་མའི་དཀར་ཆུའི་ཐོན་རྫས་ལས་སྣོན་ཞིབ་ཚགས་ལས་གཞིར་ཁེ་ལས་དང་མཉམ་ལས་ཁང་། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་བརྒྱུད་དེ་ཡུལ་ཤོག་དང་གྲོང་རྡལ3དང་གྲོང་སྡེ12ཀྱི་འབྲོག་པ་ཚོའི་དཀར་ཆུའི་ཐོན་རྫས་དང་འབྲི་གཡག་བཤས་ཁོངས་སུ་བཏང་ནས་ཡོང་འབབ་འཕར་ཐབས་སྤྲད་ཅིང་། སྔོན་དཔག་བྱས་ན་ད་ལོར་ཐོན་རྫས་རིན་ཐང་སྒོར་ཁྲི1500འཕར་ཐུབ་རྒྱུ་རེད།

ད་དུང་། ཁ་གཏད་རོགས་སྐྱོར་ལ་བརྟེན་ནས་འདན་མ་སྐྱེ་ཁམས་ཞིང་ལས་གླིང་གི་སྔོ་ཚལ་དང་ཤིང་ཏོག་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་ཁུལ་དུ་བྲིན་ཁ་རྒྱུག་པ་དང་། གློག་རྡུལ་ཚོང་དོན་གྱི་ཐབས་ལམ་ཐོག་ནས་དེ་དག་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་སྟེ་ན་ནིང་གླིང་ཁུལ་གྱིས་ཞིང་དུད་ཚང་མར་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.2འཕར་བར་སྐུལ་ཁྲིད་བྱས་ཡོད། ཅིན་ཧྲི་ཚན་རྩལ་གླིང་གི་བོད་སྤོས་དང་ལག་ཤེས་བཟོ་རྩལ་ཐོན་རྫས“དྲྭ་ཐོག་ནས་ཐད་གཏོང་དང་དྲྭ་ཐོག་ནས་འགྲེམས་ཚོང་བྱེད་པ”བརྒྱུད་དེ་ཅིན་ཧྲི་ཚན་རྩལ་གླིང་གི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.2ལ་ཟིན་ཞིང་། རྫོང་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི་གྲངས6.5འཕར་བ་དང་། ནོར་སྲིད་ཡོང་འབབ་བརྒྱ་ཆའི་གྲངས8འཕར་ཡོད། གཞན་བརྟེན་ནས་རང་བརྟེན་བརྒྱུད་དེ་ཁྱད་ལྡན་ཐོན་ལས་དེ་སེར་ཤུལ་རྫོང་གི་དཔལ་འབྱོར་འཕར་བར་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོར་འགྱུར་བཞིན་ཡོད།

སྐྱེ་ཁམས་ཀྱི་གཞི་མདངས་བསྐྱངས་ཏེ་ལྗང་མདོག་སྒུལ་ཤུགས་བསླངས།

ཁྲོམ་གཟའ་འགབ་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་མི་སྣ་བློ་བཟང་ཕུན་ཚོགས་ཀྱིས་དམར་ཕྱིའི་འོད་ཀྱི་པར་ཆས་ནང་གི་པར་རིས་སྟོན་ཞོར་ད་ཆ་རྩྭ་ཐང་གི་རྩྭ་སྔོན་ཆད་ལས་སྟུག་པོ་ཕྱིན་པར་མ་ཟད། ཤ་བ་མཆུ་དཀར་དང་དགོ་བའི་གཟུགས་བརྙན་ཡང་ཇེ་མང་དུ་མཐོང་རྒྱུ་ཡོད་ཅེས་སེམས་འགུལ་ཆེན་པོ་ངང་དེ་ལྟར་བཤད། ཁོ་གནས་སའི་ས་ཁོངས་སུ་སྐྱེ་ཁམས་རིག་ནུས་ལྟ་སྐུལ་དོ་དམ་གྱི་ལས་གཞི་རགས་ཙམ་བསྐྲུན་ཚར་བས་གསལ་ཆ་མཐོ་བའི་གློག་མིག15ཡིས་ས་ཁོངས་གཙོ་བོ་ཚང་མར་ཡོངས་སུ་ཁྱབ་ནས་ཕྱུགས་རྐུ་བ་དང་ལྐོག་རྔོན་བྱེད་ས་རྩ་བ་ཉིད་ནས་མི་རག་པ་བྱས་ཡོད།

འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་པའི་སེར་ཤུལ་རྫོང་གིས་རྟག་ཏུ“སྐྱེ་ཁམས་སྔོན་ཐོབ”ཀྱི་མཐིལ་ཚད་བརྟན་སྲུང་བྱས་ཏེ། ད་ལོར་མ་དངུལ་སྒོར་དུང་ཕྱུར1.2བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་ལས་གཞིར་བསྐུལ་རྒྱུ་རེད། འབྲི་ཆུ་དང་ཉག་ཆུའི་ཆུ་ངོགས་ཀྱི་ཆུ་ལོག་སྔོན་འགོག་བཅོས་སྐྱོང་ལས་གྲྭའི་སྙན་སེང་ཕུལ་ཚར་ནས་ལས་འགོ་འཛུགས་རན་ཡོད། དེས་ཆུ་ངོགས་ཀྱི་ཡུལ་ཤོག་དང་གྲོང་རྡལ3དང་རྨོ་ཞིང་མུའུ5000ལྷག། མང་ཚོགས2000ལྷག་གི་ཉེན་མེད་སྲུང་སྐྱོང་ནུས་ལྡན་ཐུབ་རྒྱུ་རེད།《སེར་ཤུལ་རྫོང་རྩྭ་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ལག་ལེན་བསམ་འཆར》ཞིབ་འཇུག་བྱས་ནས་བཏོན་ཏེ། ལོ་གསུམ་ནང་མ་དངུལ་སྒོར་དུང་ཕྱུར18བཏང་ནས་ཁུལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་རྩྭ་ཐང་འབྲོག་ལས་གཤོ་སྒྱུར་རིམ་སྤོར་གྱི“མཐོ་སྒང་མ་དཔེ”བསྐྲུན་རྒྱུ། ད་ལོར“མི་ཐབས་ལ་བརྟེན་ནས་རྩྭ་འདེབས”མུའུ་ཁྲི21བྱ་རྒྱུ་དང་། འབྲེལ་ཐག་གཙོ་བོའི་ཁེ་ལས12ནང་འདྲེན་བྱས་ཏེ་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་རྩྭ་ཐང་དང་འབྲོག་ལས་གླིང་ཁུལ་གཏོད་རྒྱུ་རེད།

སྦགས་བཙོག་འགོག་བཅོས་ཐད“སྲིད་གཞུང་དང་ཞིབ་དཔྱོད་མཉམ་སྐུལ”གྱི་ལམ་སྲོལ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ད་ལོ་ནས་བཟུང་། མཉམ་འབྲེལ་ཁྲིམས་འཛིན་དཔུང་ཁག་གིས་ཐལ་རྡུལ་དོ་དམ་ཚོད་འཛིན་གྱི་ཆེད་དོན་ཞིབ་བཤེར་ཐེངས12བྱས་པ་དང་། སྒྲིག་འགལ་ཨར་ལས་ཁེ་ལས3ཞིབ་བཤེར་ཆད་གཅོད་བྱས། རྫོང་ཁོངས་ཀྱི་འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་ཁུལ་དུ་རིག་ནུས་ལྟ་ཞིབ་སྒྲིག་ཆས་བཞག་སྟེ་ཆུ་སྤུས་ལ་ཆུ་ཚོད24རིང་ལྟ་སྐུལ་ཚོད་འཛིན་བྱས་ནས་མང་ཚོགས་ཀྱིས་འཐུང་ཆུ་གཙང་མ་འཐུང་ཐུབ་པའི་འགན་ལེན་བྱས་ཡོད། དེ་དང་ཆབས་ཅིག་ཏུ་རྩྭ་ཐང་གི་ཐཱན་འདུས་ལྟ་ཞིབ་ཚད་ལེན་ལས་དོན་ལ་བསྐུལ་ནས་ད་སྔར་ལྟ་ཞིབ་ཚད་ལེན་ས་ཚུགས10བཀོད་སྒྲིག་ལེགས་གྲུབ་ཟིན་པ་དེས་རང་ཁུལ་དང་ཐ་ན་ཞིང་ཆེན་ཡོངས་ཀྱི་ཐཱན་འདུས་ཐོན་ལས་འཕེལ་རྒྱས་ལ“སེར་ཤུལ་དན་གྲངས”རྩ་ཆེན་མཁོ་འདོན་བྱ་ཐུབ། སྐྱེ་ཁམས་ནི་སེར་ཤུལ་གྱི་རྨང་གཞི་ཡིན་པར་མ་ཟད། རྒྱུན་མཐུད་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་གཙོ་བོ་ཡང་ཡིན།

དམངས་འཚོ་དོན་དངོས་ཀྱིས་མཐུན་པ་ཡོང་ཐབས་ཆེ་ཤོས་བརྩོན།

སེར་ཤུལ་རྫོང་མི་དམངས་སྨན་ཁང་ནས་བརྟག་དཔྱད་ཚར་མ་ཐག་པའི་ལྦ་ཤུལ་ཡུལ་ཤོག་གི་ཡུལ་མི་ཚེ་རིང་ཆོས་སྒྲོན་གྱིས་སེམས་འགུལ་ཆེན་མོས་དེང་སང་འདྲ་ཡིན་ན་རྫོང་ཐོག་ནས་ཆེད་མཁས་པའི་སྒོ་བསྟེན་སྨན་བཅོས་ནས་ནད་ལྟ་ཐུབ་པས། སྔོན་ཆད་དང་མི་འདྲ་བ་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་བརྒྱུད་ནས་དར་རྩེ་མདོར་ནད་ལྟ་ས་འགྲོ་མི་དགོས་པ་བྱུང་ཡོད་ཅེས་བཤད། དེ་ནི་ཞིབ་ལས་ཅན་གྱི་སྨན་བཅོས་ཐུན་སྤྱི་མཐུན་འབྲེལ་ཅན་བཙུགས་པའི་གྲུབ་འབྲས་ཡིན། དཀར་མཛེས་ཁུལ་མི་དམངས་སྨན་ཁང་དང་རྒྱང་བསྟེན་ནད་བརྟག་སྨན་བཅོས་ལམ་སྲོལ་བཙུགས་པ་བརྒྱུད་དེ་ད་ལོ་རྒྱང་བསྟེན་ནད་བརྟག་སྨན་བཅོས་ཐེངས10བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་ལ་དང་ལུང་པ་བརྒལ་ནས་མཐོ་སྒང་གི་ཡུལ་གྲུར་སླེབས་ཐུབ་པ་བྱུང་ཡོད། དེ་དང་ཆབས་ཅིག་ཏུ་འགོས་ནད་ཚབས་ཆེན་འགོག་བཅོས་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ལ་བསྐུལ་ཏེ། “ནད་བཞི་མཉམ་འགོག”གི་ཚགས་བཤེར་རྫོང་དང་ཡུལ་ཤོག་གྲོང་སྡེ་རིམ་པ་གསུམ་གྱི་སྔོན་འགོག་ཚོད་འཛིན་དྲྭ་རྒྱར་ཁྱབ་པ་དང་། རྒྱུན་ལྡན་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་བརྟན་པོའི་ངང་སྤེལ་ནས་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བརྟན་པོ་བྱས་དང་བྱེད་བཞིན་ཡོད།

སློབ་གསོ་ཐད་ཀྱི་མ་དངུལ་བཏང་ཤུགས་ཀྱང་ཆེ་རུ་ཕྱིན་ཡོད། སྔོན་དཔག་བྱས་ན་ད་ལོར་སེར་ཤུལ་རྫོང་གིས་སྒོར་དུང་ཕྱུར1.1བཏང་ནས་ཉམས་ཞན་སློབ་གྲྭ་ཉམས་གསོ་དང་བསྐྱར་སྐྲུན་དང་། རིག་ནུས་ནག་པང་དང་ཚོད་ལྟའི་ཡོ་བྱད་སྒྲིག་སྦྱོར་བྱ་རྩིས་ཡོད། མ་དངུལ་སྒོར་ཁྲི800ལྷག་བཏང་ནས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་དང་། མ་དངུལ་སྒོར་ཁྲི9000བཏང་ནས“རྩ་ཆག་གསུམ་དང་ཁ་གསབ་གཅིག”སོགས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་ལ་འཁྱོལ་བ། མ་དངུལ་སྒོར་ཁྲི1800བཏང་ནས་ཞིང་སྡེའི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་སུ་གཏང་བ་བཅས་བྱ་རྒྱུ་དང་། དེ་མིན་ན་གཞོན་དགེ་རྒན10ཅིན་ཉིའུ་ཆུས་དང་ལིན་ཕིང་ཆུས་སོགས་ཁ་གཏད་རོགས་སྐྱོར་སློབ་གྲྭར་རྗེས་འབྲང་སློབ་སྦྱོང་བྱེད་པར་མངག་རྒྱུ་དང་འབྲེལ་དགེ་རྒན་གྲགས་ཅན10རྫོང་ནང་དུ་གདན་དྲངས་རྩིས་ཡོད་པ་རེད།

སྤྱི་ཚོགས་འགན་སྲུང་ཇེ་ལེགས་ཇེ་བཟང་དུ་སོང་། ད་ལོར་གྲོང་ཁྱེར་དང་གྲོང་སྡེའི་མ་མཐའི་འཚོ་སྐྱོང་འགན་སྲུང་དང་དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་ཏེ་སྔོན་དཔག་བྱས་ན་མང་ཚོགས་ཁྲི2.8ལ་ཕན་ཐོགས་རྒྱུ་རེད། ལས་རིགས་རྩལ་ནུས་གསོ་སྦྱོང་ཐེངས10སྤེལ་བ་དང་མི500ལྷག་གསོ་སྦྱོང་ནང་ཞུགས་ཡོད། མི150ལྷག་ལ་ལས་ཞུགས་སྤོ་སྒྱུར་དང་ལས་ལམ་གསར་གཏོད་བྱས་ཡོད། གྲོང་ཡུལ་གཞིས་མི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་ཁྲི6.3ལྷག་ལ་ཟིན་ཡོད། གྲོང་ཁྱེར་གསར་སྒྱུར་ལས་གཞི་སྤེལ་ཏེ་ལོ་ཆུང་གྲོང་རྡལ་ཞིང་ཆེན་རིམ་པའི་ལྟེ་བའི་གྲོང་རྡལ་རྩེ་གྲ་བརྒྱ་གཏོད་འགོ་བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར1.5བཏང་ནས་གསོ་རླུང་དང་དྲོད་རླངས་མཁོ་འདོན། བཙོག་ཆུ་གཙང་སེལ་སོགས་དམངས་འཚོའི་ལས་གྲྭ་མགྱོགས་མྱུར་ངང་སྐྲུན་བཞིན་ཡོད་པས། ད་ལོར་གྲོང་རྡལ་དང་ཆུས་ལ་གཅིག་བསྡུས་ངང་གསོ་རླུང་མཁོ་འདོན་ཡོངས་ལ་ཁེབས་ཐུབ། གློང་ཆུ་ཁ་གྲོང་སྡེའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་སྡེར་གསར་དུ་བསྐྲུན་པའི་རིག་གནས་ཐང་ཆེན་དང་དམངས་ཕན་ཞབས་ཞུའི་ལྟེ་གནས་ནི་དེ་གའི་ཡུལ་མི་ཚོ་སྤྲོ་གསེང་བྱ་ཡུལ་ཡག་པོ་ཞིག་ཏུ་གྱུར་ནས་དགའ་བསུ་ཆེན་པོ་ཐོབ་ཡོད།

བབ་བསྟུན་འཕྲལ་སྒྲུབ་ཀྱིས་ལམ་བུ་གསར་པ་འགོ་འཛུགས། རྗེས་སྙེག་མཆོང་བརྒལ་གྱིས་ལེའུ་གསར་པ་འབྲི། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་འཛུགས་ས་གསར་པར་ལངས་ནས་སེར་ཤུལ་རྫོང་གིས“མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པའི”སྤྱོད་ཚུལ་ཐོག་ནས་འཆར་གཞི་བརྗིད་ཆེན་མིག་མཐོང་ལག་ཟིན་གྱི་བདེ་སྐྱིད་རི་མོ་དངོས་སུ་འབྲི་པ་དང་། སྐྱེ་ཁམས་མཛེས་སྡུག་དང་། ཐོན་ལས་དར་རྒྱས། དམངས་འཚོ་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་སེར་ཤུལ་གྱི་ལེའུ་གསར་པ་ཧུར་ཐག་གིས་རྩོམ་བཞིན་ཡོད་དོ།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)