国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འདང་གི་ མེ་ཏོག།

དགུང་སྔོན་ཟླ་བའི་མཛེས་པ་དང་།།

ས་སྟེང་བཞད་པའི་མེ་ཏོག་ཚོམས།།

དལ་བུར་བརྒྱུས་པའི་ངག་རིག་དག།

ལེགས་པའི་སྐྱེས་སུ་ཕུལ་ནས་ཡོད།།

སྐད་ཅིག་མཛེས་སྡུག་མ་ཡིན་པར།།

གཏན་དུ་གཟིམ་མེད་གནས་གྱུར་ན།།

རྣལ་འབྱོར་བྱ་བཏང་བྲག་སྐྱིབས་སུ།།

བཞུགས་ཏེ་ཐར་ལམ་འཚོལ་དོན་ཅི།།

སྣ་ཚོགས་འཁོར་བའི་རི་ཀླུང་ན།།

ཁྲ་ཆུང་མིག་གི་མདུན་ངོགས་ནས།།

མཛངས་མ་མཁའ་འགྲོ་ཡིད་འོང་མ།།

འཛུམ་གྱིས་བཞད་ན་དགའ་བ་ལ།།

སྙན་ཚིག་ཀུ་མུད་འདབ་སྟོང་དབུས།།

ལེགས་འཁྲུངས་ངག་རིག་བྱང་ཆུབ་ན།།

འདི་སྣང་སྲིད་པའི་ཕ་མཐའ་ནས།།

གྲོགས་མེད་ཁེར་རྐྱང་མ་ཡིན་ནོ།།

ལྷ་ཡུལ་ཉམས་དགའི་ར་བ་ནས།།

མཛེས་སྡུག་ལང་ཚོའི་གཟི་འོད་ཀྱིས།།

ཐམས་ཅད་མགུ་བར་བྱས་པ་ཡི།།

རབ་བཟང་དམ་ཚིག་དང་ལྡན་མཁན།།

ཚོར་བའི་དྲན་ཤིང་ཡངས་པོའི་རྩེར།།

ངག་སྙན་ཁུ་བྱུག་བབས་འདྲ་བོ།།

ང་ཡི་གནམ་སའི་ལྷ་མོ་ཁྱོད།།

སྐྱེ་བ་ལས་ཀྱི་ནོམ་པ་ཡིན།།

༼ ཁམས་ཟླ་སྲས། ༽