དོ་དགོང་འབབ་པའི་ཆར་པ།།
ཁྱོད་ཀྱི་མིག་ཆུ་ཡིན་ནམ།།
ཤེལ་གྱི་སྒེའུ་ཁུང་བརྒྱུད་དེ།།
ང་ཡི་རུམ་དུ་འཛུལ་བྱུང་།།
སྔས་འགྲམ་ལག་པས་བསྐྱོར་ཏེ།།
ནམ་མཁའི་གཟའ་སྐར་ཁྲོད་དུ།།
སྟོང་བསམ་རི་མོ་འཐེན་པ།།
སྐོར་གཅིག་སྐོར་གཉིས་མ་ཡིན།།
ཞག་དང་སྐར་ཆ་བགྲངས་ནས།།
ལོ་གཅིག་ལོ་གཉིས་ཕྱིན་སོང་།།
ལས་ཀྱི་མནར་གཅོད་བར་ནས།།
ཐུག་འཕྲད་འདི་ཕྱིའི་དཔེ་རེད།།
ཟླ་བ་གཟིམ་པའི་མཚན་མོ།།
ང་ཡི་འདུག་རོགས་བྱས་ཏེ།།
གཏེར་དུ་སྦས་པའི་གསང་བ།།
ཁྱོད་ལ་བསྐུར་ན་འདོད་བྱུང་།།
གཉིད་ཀྱི་ཐུན་ཀྱང་བཅག་སྟེ།།
འུག་པའི་ལས་དང་འགྲོགས་ནས།།
རོ་སྟོད་འཚང་བའི་སྨེང་སྐྱོ།།
འཁོར་བའི་གླུ་ལ་བསྲེས་ཡོད།།
ཆར་པའི་ཤག་སྒྲ་རེ་རེ།།
ཤ་རུས་གསེང་དུ་ཐིམ་དུས།།
ངང་སྒུག་བྱས་པའི་བུ་མོ།།
དྲན་པའི་གཞི་རུ་གྱུར་སོང་།།
ལས་འཕྲོ་རྫོགས་པ་རེད་དམ།།
དམ་ཚིག་ཆག་པ་ཡིན་རེད།།
ཁ་ཆད་བྲིས་པའི་ཡིག་ཆུང་།།
ཆུ་དང་ཆར་པས་འཇིག་སོང་།།
བསྐལ་བ་ལན་གཅིག་ཡག་ན།།
འདུ་འབྲལ་ལས་ཀྱི་གསང་བ།།
ངག་གི་སྦུབས་སུ་དཀྲོལ་ཏེ།།
ཞལ་ཟུང་འཕྲད་པར་བསྒུག་ཆོག།
ལས་དབང་ཞེ་ནག་ཨེ་རེད།།
ཁྱོད་རང་ག་ཡོད་དྲིས་པས།།
དྲིས་ལན་ཡོད་པ་ལྟ་ཅི།།
ཚིག་གི་མདའ་མོ་ཕོག་བྱུང་།།
ཁ་འདྲིས་ཞེ་འདྲིས་སོང་བའི།།
ཞེ་འདྲིས་ནང་གི་མེ་ཏོག།
སླར་ཡང་འཕྲད་རྒྱུ་བྱུང་ན།།
སེམས་འདི་གཏའ་མ་གཞག་ཆོག།
༼ འོད་འཛིན་མ། ༽
