མཐོན་མཐིང་ཨ་སྔོན་དབྱིངས་ཀྱི་ཉི་མ།།
ཤར་རིའི་རྩེ་ནས་འཛུམ་གྱིས་ཤར་ཚེ།།
ནོར་འཛིན་མཛེས་སྡུག་བུ་མོའི་ཞལ་ལས།།
མཐོ་སྒང་འབྲོག་མོའི་མཁུར་ཚོས་གསལ་བྱུང་།།
རིང་མིན་རྒྱང་མིན་ལྷུན་པོའི་མགྲིན་ན།།
ལྷ་དར་དཀར་པོ་རིང་དུ་བསྲིངས་འདྲ།།
བསང་སྤོས་དྲི་ཞིམ་ལྷང་ལྷང་འཕྱུར་བ།།
ལྷ་ལྡན་གྲོང་འདི་ལྷ་ཡི་ཞིང་ཡིན།།
ལྷང་ལྷང་སྙན་པ་བྱིའུ་ཆུང་གསུང་སྐད།།
རྣ་ལ་སྙན་པ་དབྱངས་ཅན་སྒྲ་དབྱངས།།
ཇི་ཙམ་ཉན་པ་དེ་ཙམ་སྤྲོ་བ།།
རང་བྱུང་དབྱངས་ལ་ཨེ་མ་རྨད་དོ།།
དཀར་དཀར་གངས་རི་དཀར་པོའི་འདབས་རོལ།།
མཛེས་མཛེས་ཀླུ་ཡི་ཡུལ་གྱི་མེ་ཏོག།
སྙན་སྙན་ཁུ་བྱུག་སྙན་པའི་སྒྲ་དབྱངས།།
མཛེས་མཛེས་མེ་ཏོག་ཚོགས་ལ་ཕུལ་འདྲ།།
སྔོ་ལྗང་གཡུ་ལོ་རྒྱས་པའི་ལྗོན་ཤིང་།།
འགོ་བོ་གཡུག་ཙམ་གཡུག་ཙམ་བྱས་ནས།།
ང་དང་དབྱར་གཞུང་བྱིའུའི་སེམས་པ།།
འཕྲོག་པ་བྱས་པ་ལས་དབང་ཨེ་ཡིན།།
བསིལ་འཇམ་ལུས་དྲི་ཞིམ་པའི་དྲི་བཞོན།།
ནམ་དུས་འདི་ཡི་ལྷག་བསམ་ཁུར་ནས།།
ང་དང་ཉེ་བ་ཉེ་བར་བཅར་ཚེ།།
འཇོ་སྒེག་བུ་མོའི་ངང་ཚུལ་དྲན་བྱུང་།།
༼ ནག་ཤོད་ང་རོའི་འཚེར་སྒྲ། ༽
