ས་འཛིན་སྨུག་པོས་གཡོགས་པའི་གཡས་ཟུར་ན།།
ཡུལ་ལྗོངས་འཛུམ་གྱིས་ཁེངས་པའི་གཡོན་ཟུར་དུ།།
རྩི་ཤིང་སྣ་ཚོགས་འཛོམས་པའི་གདན་སྟེང་ན།།
སྦྲ་ནག་ཅན་པོའི་འཚོ་བ་སྐྱིད་རེ་སྐྱིད།།
རི་ལུང་སྨུག་པས་བསྐོར་བའི་ས་ཕྱོགས་ན།།
འདབ་ལྡན་པད་མའི་མཛེས་ཉམས་ལྡེམ་སེ་ལྡེམ།།
འབྲེལ་བཟང་གཉེན་ཉེ་འཛོམས་པའི་ཕ་ཡུལ་ན།།
ཕུ་ནུ་ལྷན་འཛོམས་དགོད་སྒྲ་སྙན་སེ་སྙན།།
ཁ་བའི་མེ་ཏོག་བཞད་པའི་དགུན་ཁ་ན།།
རི་སྐེད་ཁ་དོག་དཀར་པོས་བརྒྱན་པ་ལ།།
དངུལ་ལྭ་གྱོན་པའི་ཡིད་འཕྲོག་ནོར་འཛིན་མ།།
སེམས་པ་དེ་ལ་ཤོར་བའི་ཨ་ཕོ་སྐྱིད།།
གྲང་བའི་ངར་ཁ་རྒོད་པའི་དགུན་གཞུང་དུ།།
འབྲོང་རྒོད་དར་མའི་ཕ་ས་གངས་ཀྱིས་བསྐོར།།
བརྗིད་ཉམས་ལྡན་པའི་ས་འཛིན་དེའི་ཕྱོགས་ལ།།
ཡང་ཡང་བལྟས་ན་བུ་ཆུང་སྐྱིད་རེ་སྐྱིད།།
ཟླ་བའི་རྒྱུ་སྐར་ཁྲ་མོར་ལྟ་ཐེངས་རེར།།
རང་སེམས་ལྷོད་ལ་གནས་པར་འགྱུར་འགྲོ་བས།།
ནམ་མཁའི་སྐར་ཚོགས་ཁྲ་མོའི་གཟི་འོད་དེ།།
ཟག་བཅས་ལུས་ལ་ཕོག་ན་སྐྱིད་རེ་སྐྱིད།
༼ ཨ་དཀར་ཆེན། ༽
