国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལུག་གྲོད་ཤ་མོའི་ཡོང་འབབ་བཟང་།། ཞིང་འབྲོག་མི་དམངས་ཕྱུག་པོར་ཆགས།།

4784_05B_20260316ཡུལ་མི་ཚོས་ལུག་གྲོད་ཤ་མོ་འཐུ་བཞིན་པ།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཚོད་ལྟའི་ཞིང་ས་དང་དཔེ་སྟོན་ཞིང་ས་བར་གྱི་གནད་དོན་ཐག་བཅད་པ།སྐྱེས་སྟོབས་བཟང་བའི་ལུག་གྲོད་ཤ་མོ།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཚོད་ལྟའི་ཞིང་ས་དང་དཔེ་སྟོན་ཞིང་ས་བར་གྱི་གནད་དོན་ཐག་བཅད་པ།སྲོ་སྐམ་གྲ་སྒྲིག་བྱེད་བཞིན་པའི་ལུག་གྲོད་ཤ་མོ།

སྐྱིད་གཞིས་གྲོང་སྡེའི་ལུག་གྲོད་ཤ་མོའི་དྲོད་ཁང་ཆེན་མོ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཚོད་ལྟའི་ཞིང་ས་དང་དཔེ་སྟོན་ཞིང་ས་བར་གྱི་གནད་དོན་ཐག་བཅད་པ།

ཉེ་ཆར། རང་ཁུལ་ས་གནས་ཁག་གི་ལུག་གྲོད་ཤ་མོ་འདེབས་འཛུགས་རྟེན་གཞིར་སྐྱེས་སྟོབས་དཔལ་འབར་བའི་དུས་ཚིགས་ལ་སླེབས། རང་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་གྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་ཏེ། རང་ངོས་ཀྱི་ལེགས་ཆར་དམིགས་ཤིང་དགེ་ལེན་སྐྱོན་སེལ་ལ་དོ་སྣང་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ཞིང་ལས་དེ་ཞིང་ལས་དེང་རབས་ཅན་དང་ཡུལ་སྡེ་དར་རྒྱས་ལ་བསྐུལ་བའི་འགག་རྩའི་བྱེད་ཐབས་སུ་བརྩིས་ཏེ། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་པའི་ཡོང་འབབ་འཕར་དུ་བཅུག།

2012ལོ་ནས་བཟུང་རང་ཁུལ་གྱིས་ཐོན་ཁུངས་ལེགས་ཆར་བརྟེན་ནས་གསར་སྤེལ་དང་སྲུང་སྐྱོང་མཉམ་འཛིན་གྱི་རྩ་དོན་ལ་དམིགས་ཏེ། ཞིང་ལས་ཚན་རིག་ཞིབ་འཇུག་ཁང་དང་ཁུལ་སྲིད་གཞུང་གི་ཞིང་ལས་ཚན་རྩལ་མཉམ་ལས་ཀྱི་སྟེགས་བུར་བརྟེན་ནས་ལུག་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་བཏང་བ་དང་། ཚོད་ལྟའི་དཔེ་སྟོན་ཉམས་མྱོང་ཕྱོགས་བསྡོམས་བརྒྱུད་དེ་མེད་པ་ནས་ཡོད་པའི་བར་དང་དེ་ནས་རྒྱ་ཁྱོན་མུ་མཐུད་དེ་ཆེ་རུ་བཏང་ནས་ད་ཆར་གཞི་ཁྱོན་རགས་ཙམ་ཆགས་ཡོད། ད་སྔར་དར་མདོ་དང་ལྕགས་ཟམ་ཁ། རོང་བྲག། ཉག་ཆུ། ཕྱག་ཕྲེང་སོགས་རྫོང་དང་གྲོང་ཁྱེར་གྱི་ལུག་གྲོད་ཤ་མོ་འཐུ་བའི་དུས་སུ་སླེབས་ཡོད་ཅིང་། ལུག་གི་གྲོད་པ་དང་འདྲ་བའི་ཤ་མོ་རེ་རེ་བཞིན་ཁམས་ཀྱི་ས་གཞི་ཆེན་མོའི་རྒྱན་དུ་ཤར།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་ཚོད་ལྟའི་ཞིང་ས་དང་དཔེ་སྟོན་ཞིང་ས་བར་གྱི་གནད་དོན་ཐག་བཅད་པ།

དེ་སྔར་གྲོང་སྡེའི་ཐོན་ལས་རྐྱང་མ་ཡིན་པས་ཡུལ་མིའི་ཡོང་འབབ་ལ་གཏན་འཁེལ་མེད། ཏང་ཀྲི་པུའུ་ཡིས་བརྟག་ཞིབ་བྱས་པ་ལས་ང་ཚོའི་གྲོང་སྡེའི་གནམ་གཤིས་དང་ས་རྒྱུའི་ཆ་རྐྱེན་འཛོམས་པས་ལུག་གྲོད་ཤ་མོ་འདེབས་པ་ཤིན་ཏུ་འཚམ་པོ་ཡོད། དེ་རྗེས་མང་ཚོགས་ཀྱིས་ལུག་གྲོད་ཤ་མོ་གདབ་རྒྱུ་ཐད་བཅད་པ་རེད་ཅེས་དར་མདོ་གྲོང་ཁྱེར་སྐྱིད་གཞིས་ཡུལ་ཤོག་སྐྱིད་གཞིས་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ནོར་བུས་དེ་ལྟར་ངོ་སྤྲོད་བྱས།

ཡུལ་མིའི་སེམས་ཁྲལ་སེལ་ཆེད། གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཚན་ཁག་གི་ཁོངས་མིའི་སྣེ་ཁྲིད་ནས་ཚོད་འདེབས་བྱས་པ་དང་། དར་མདོ་གྲོང་ཁྱེར་ཞིང་འབྲོག་ཞིང་སྡེ་དང་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་ཆེད་མཁས་པ་མཛུབ་ཁྲིད་དུ་གདན་དྲངས་ཏེ། ཤ་མོའི་ས་བོན་འདེབས་གསོ་ནས་དྲོད་ཚད་དང་བརླན་ཚད་ཚོད་འཛིན། བསྡུ་ལེན་དང་ལས་སྣོན་སོགས་ཚད་ལྡན་ཅན་གྱི་འདེབས་འཛུགས་བརྒྱུད་རིམ་ཆ་ཚང་ཞིག་ཆགས་ཡོད་པ་རེད། ལོ་དང་པོར་ལུག་གྲོད་ཤ་མོ་མུའུ་རེའི་ཐོན་ཚད་རྒྱ་མ300ལྷག་བྱུང་བ་དང་། མུའུ་རེའི་ཐོན་ཚད་རིན་ཐང་སྒོར15000ལས་བརྒལ་ནས་ཡུལ་མིར་ཕན་འབྲས་བཟང་པོ་ཐོབ་ཡོད།

ཏང་ཀྲི་པུའུ་ཡི་སྣེ་ཁྲིད་འོག་སྐྱིད་གཞིས་གྲོང་སྡེའི་ཏང་ཀྲི་པུའུ་དང་མཉམ་ལས་ཁང་། རྟེན་གཞི། ཞིང་དུད་བཅས་ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་དེ། གྲོང་སྡེ་ཐུན་མོང་གིས་སྣེ་ཁྲིད་དེ་ཆེད་ལས་མཉམ་ལས་ཁང་བཙུགས་ཐོག་གཅིག་གྱུར་གྱིས་ཤ་མོ་ས་བོན་དང་ལག་རྩལ། ཕྱིར་འཚོང་བཅས་ཀྱི་ཐབས་ལམ་མཁོ་འདོན་བྱས་པ་དང་། ཡུལ་མིས་ས་ཞིང་མ་རྐང་ལ་འཇོག་པའམ་ལས་མིའི་ཆ་ནས་དེར་ཞུགས་ཏེ་ཉེན་ཁ་མཉམ་འཁུར་དང་ཁེ་ཕན་མཉམ་རོལ་གྱི་འབྲེལ་མཐུད་ལམ་སྲོལ་ཆགས་ཡོད། ད་སྔར་རྟེན་གཞིའི་དྲོད་ཁང་ཆེན་མོ160བར་ཆེར་ཕྱིན་པ་དང་འདེབས་འཛུགས་རྒྱ་ཁྱོན་མུའུ108ལ་ཟིན། མཐའ་འཁོར་གྱི་ཡུལ་མི་དུད་ཚང30ལྷག་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ནས་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལ་ཟིན་པ་རེད།

མིས་བཟོས་འདེབས་གསོ་ལུག་གྲོད་ཤ་མོ་སྐྱེ་བའི་དུས་ཡུན་ཐུང་བ་དང་ཕན་འབྲས་ཆེ་ཞིང་མགྱོགས་པ་བཅས་ཀྱི་ལེགས་ཆར་བརྟེན་ནས་ཞིང་ལས་ཐོན་ལས་ཁྲོད་ཀྱི་མིང་དོན་མཚུངས་པའི་རྣམ་གྲངས་གྲགས་ཅན་ཞིག་ཏུ་གྱུར་ཡོད།

བསོད་ནམས་ནོར་བུས་ན་ནིང་ཟླ་བ11པར་ས་བོན་བཏབ་རྗེས་ཟླ་བ་གསུམ་ལྷག་ལ་ཚན་རིག་དང་མཐུན་པའི་འདེབས་གསོ་དང་དོ་དམ་ཞིབ་ཚགས་བྱས་ཏེ་ད་ཆར་ཚང་མ་སྡུད་ཆོག་པའི་དུས་ལ་སླེབས་ཡོད། ཐུན་མིན་ས་གཤིས་ལས་སྐྱེ་བའི་ལུག་གྲོད་ཤ་མོ་ཆེ་ལ་བྲོ་བ་ཞིམ་པ་དང་འཚོ་བཅུད་བཟང་བས་ཁྲོམ་རར་བཏོན་མ་ཐག་དགའ་བསུ་ཆེན་པོ་ཐོབ་ཅིང་ཕྱིར་འཚོང་མདུན་ལྗོངས་ཧ་ཅང་ཡག་ཅེས་བཤད།

སྐྱིད་གཞིས་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རིན་ཆེན་རྡོ་རྗེས་ཚོད་འདེབས་ལེགས་འགྲུབ་དང་དཔལ་འབྱོར་ཕན་འབྲས་བཟང་པོ་ཐོབ་རྗེས་མང་ཚོགས་ཀྱི་འདེབས་འཛུགས་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་ཡོད། དེར་བརྟེན་ང་ཚོས་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱེད་ཤུགས་ཆེ་གཏོང་ཞིང་ཤ་མོའི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་ཡོད། ད་ལོར་ལུག་གྲོད་ཤ་མོ་འདེབས་ཁྱོན་མུའུ600ལྷག་ཡོད་ཅིང་སྤྱིའི་རིན་ཐང་སྒོར་ཁྲི་སྟོང་ལས་བརྒལ་བ་དང་། ཞིང་པའི་དུད་ཚང200ཡི་ཡོང་འབབ་འཕར་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།

ཐོན་ལས་མཉམ་འདྲེས་ཀྱི་སྤུས་ཚད་སྤར་ཏེ་ལུག་གྲོད་ཤ་མོ་ཁོ་ན་བཙོངས་པ་ནས་སྣ་མང་འཕེལ་རྒྱས་ཕྱོགས་སུ་བསྒྱུར།

ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་མཁར་རྫོང་གྲོང་སྡེའི་ལུག་གྲོད་ཤ་མོ་འདེབས་འཛུགས་རྟེན་གཞིར་དྲོད་ཁང་ཆེན་མོ་གྲལ་འགྲིག་པོ་བསྒྲིགས་ནས་བསྐྲུན་ཡོད་ལ། བལྟས་པ་ཙམ་གྱིས་ལུག་གྲོད་ཤ་མོའི་སྐྱེ་སྟོབས་ཧ་ཅང་ཡག་པོ་ཡིན་པ་ཤེས་ཐུབ།

རྟེན་གཞིའི་འགན་འཁུར་བ་ཞུས་ཙེ་ཁུའེ་ཡིས་ཡུལ་མི་སྣེ་ཁྲིད་དེ་ཤ་མོ་འཐུ་བཞིན་ཡོད་པ་དང་། དབྱེ་གསེས་དང་སླེལ་བླུག། རླངས་འཁོར་དུ་འཇོག་པ་ལ་བྲེལ་བཞིན་ཞིང་མུ་ཁར་ལོ་ལེགས་ཀྱི་དགའ་སྤྲོས་ཁེངས། ད་ལོར་ང་ཚོས་མཁར་རྫོང་དང་རྫ་དབུས་གྲོང་སྡེའི་ཁྱོན་ས་ཞིང་མུའུ68ནང་བཤུག་བྱས་ནས་ལུག་གྲོད་ཤ་མོ་འདེབས་པ་དང་། སྔོན་དཔག་བྱས་ན་མུའུ་རེའི་ཐོན་ཚད་སྤྱི་རྒྱ150ཡས་མས་ལ་ཟིན་པ་དང་སྒོར15000ལ་རག་ཐུབ་རྒྱུ་རེད་ཅེས་བཤད།

གཞི་ཁྱོན་ཆུང་བའི་ཚོད་འདེབས་ཐོག་མ་ནས་ད་ཆའི་གཞི་ཁྱོན་ཅན་གྱི་འཕེལ་རྒྱས་བར་སྲིད་གཞུང་གི་ཁྲིད་སྟོན་དང་ཚན་རྩལ་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། ཞུས་ཙེ་ཁུའེ་ཡིས་ལུག་གྲོད་ཤ་མོའི་ཐོན་ཚད་དང་སྤུས་ཀར་འགན་ལེན་བྱ་ཆེད། རྟེན་གཞིས་ཞིང་ཆེན་དང་ཁུལ་ཞིང་ལས་ཚན་རིག་ཁང་དང་རྫོང་རིམ་པའི་ཞིང་ལས་སྡེ་ཁག་གིས་ལག་རྩལ་མཛུབ་ཁྲིད་ལ་བརྟེན་ནས་ཚན་རིག་དང་མཐུན་པའི་འདེབས་འཛུགས་དང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ལུག་གྲོད་ཤ་མོ་སྤུས་ལེགས་སྐྱེ་བའི་ཁོར་ཡུག་བཏོད་ཡོད། རྟེན་གཞི་ལས་ཐོན་པའི་ལུག་གྲོད་ཤ་མོ་སྤུས་ཀ་བཟང་ལ་བྲོ་བ་ཞིམ་པས་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད་ཅེས་བཤད་པ་རེད།

སྲིད་ཇུས་ཀྱི་ནུས་པས་ཕན་འབྲས་ཆེ་རུ་བཏང་སྟེ་སྲིད་གཞུང་གིས་ཁྲིད་སྟོན་ནས་ཕྱོགས་མང་མཉམ་སྐུལ་ཡོང་བར་བྱས།

ལུག་གྲོད་ཤ་མོའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ལག་རྩལ་གྱི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད། ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་གསར་སྤེལ་དང་སྲུང་སྐྱོང་གལ་ཆེན་མཉམ་བརྩིའི་རྩ་དོན་གཞིར་བཟུང་ཞིང་ཁྲོམ་ར་ཁྲིད་སྟོན་དུ་བྱེད་པ་དང་ཚན་རྩལ་སྒུལ་ཤུགས་སུ་བྱེད་པ་མཐའ་འཁྱོངས་ཏེ་བཟའ་བྱའི་ཤ་མོ་ཐོན་ཁུངས་རྒྱུན་མཐུད་ངང་གསར་སྤེལ་བེད་སྤྱོད་བྱ་རྒྱུར་སྐུལ་ཤུགས་ཆེ་རུ་བཏང་ནས་ཞིང་པའི་ཡོང་འབབ་འཕར་བར་བརྩོན་པ་རེད།

སྔ་རྗེས་སུ《ལུག་གྲོད་ཤ་མོ་སོགས་སྐྱེ་ལྡན་བཟའ་བྱའི་ཤ་མོ་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུའི་སྐོར་གྱི་བསམ་འཆར》དང《“གནས་མཆོག་དཀར་མཛེས”ཁྱད་ཆོས་བཟའ་བྱའི་ཤ་མོ་ཐོན་ལས་འཕེལ་རྒྱས་ལས་དོན་ལ་སྐུལ་བའི་ཇུས་གཞི》སོགས་བཟོས་ནས་བཏོན་པ་དང་། ལུག་གྲོད་ཤ་མོ་མཐུན་ཚོགས་བཙུགས་ཏེ་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དང་ཚན་རྩལ་ཞབས་ཞུའི་ནུས་པ་ཇེ་ཆེ། ཤེས་ལྡན་མི་སྣའི་དཔུང་ཁག་གསོ་སྐྱོང་། མ་དངུལ་གྱི་རྒྱབ་སྐྱོར་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ནས་ལུག་གྲོད་ཤ་མོ་གཙོ་བོར་བྱས་པའི་མིས་བཟོས་སྐྱེ་ལྡན་བཟའ་བྱའི་ཤ་མོ་ཐོན་ལས་གཞི་ཁྱོན་ཅན་དང་གྲགས་རྟགས་ཅན་འཕེལ་རྒྱས་སུ་གཏང་བར་བསྐུལ་ཡོད།

ལྕགས་ཟམ་རྫོང་གིས་ཚན་རྩལ་ནུས་པས་འདེབས་འཛུགས་གཞི་ཁྱོན་ཆེ་རུ་བཏང་ཞིང་སྤུས་ལེགས་སོན་རིགས་ནང་འདྲེན་བྱས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་གྱི་གནམ་གཤིས་ལེགས་ཆ་དང་བསྟུན་ནས་ཚད་ལྡན་ཅན་གྱི་ཤ་མོ་རིགས་གསོ་བའི་བརྒྱུད་རིམ་བཙུགས་པ་རེད། རོང་བྲག་རྫོང་གིས་ཐུན་མིན་གྱི་རང་བྱུང་ལེགས་ཆར་བརྟེན་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“བྱེད་སྟངས་སྒྱུར་བ་དང་གྲུབ་ཆ་ལེགས་སྒྲིག། ཕན་འབྲས་ཆེ་རུ་གཏོང་། འབབ་འཕར་སྐུལ་འདེད”བཅས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་བསམ་ཕྱོགས་ལ་བརྟེན་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་གཙོས་བྱས་ལུག་གྲོད་ཤ་མོ་ཐོན་ལས་དཔེ་སྟོན་ཁུལ་ཧུར་ཐག་བཏོད་ཡོད། ཕྱག་ཕྲེང་རྫོང་གདོང་གསུམ་ཡུལ་ཤོག་གིས“1+N”ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་ལུག་གྲོད་ཤ་མོའི་ཐོན་ལས་དེ་མཚམས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད། 2021ལོ་ནས་བཟུང་གདོང་གསུམ་ཡུལ་ཤོག་མཛའ་སྟོད་གྲོང་སྡེ་ཡིས་ལུག་གྲོད་ཤ་མོ་འདེབས་འགོ་བཙུགས་པ་དང་འབྲེལ་ཆེད་དོན་རོགས་སྐྱོར་མ་དངུལ་རག་ཐབས་བྱས་ཏེ་ས་བོན་ཉོས་ཤིང་དྲོད་ཁང་བསྐྲུན་ནས་ལུག་གྲོད་ཤ་མོའི་ཐོན་ལས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་། ཉག་ཆུ་རྫོང་ཉ་ཡུལ་ཞབས་ཡུལ་ཤོག་ལྕང་འབྲུ་ཐང་གྲོང་སྡེས“སྡེ་ཚན་གྱི་ཁ་གསབ་དང་ཞིང་དུད་ཀྱི་རང་གསོག་ཟུང་དུ་འབྲེལ་བའི”བྱེད་ཐབས་སྤྱད་ནས་དཔེ་སྟོན་དུད་ཚང9ཡིས་མུའུ15ཡི་ལུག་གྲོད་ཤ་མོ་འདེབས་འཛུགས་བྱ་རྒྱུར་འཕེལ་རྒྱས་བཏང་བ་དེའི་ནང་ཕན་འབྲས་ཆེ་ཤོས་ཐོབ་པའི་ཞིང་དུད་ལ་མུའུ་རེར་ཐོན་འབབ་སྒོར་ཁྲི2ལྷག་ལ་ཟིན་ནས་ཡུལ་མིའི་ཤ་མོ་འདེབས་འཛུགས་ཀྱི་སྤྲོ་སེམས་འཕར་ནས་དཔེ་སྟོན་དུད་ཚང12བར་མང་དུ་ཕྱིན་པ་དང་མུའུ་རེའི་ཐོན་འབབ་མཐོ་ཤོས་སྒོར་ཁྲི2.1ལ་ཟིན་པ་རེད།

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་མཐོ་སྒང་གི་ཁྱད་ཆོས་ལ་གཞི་བཙུགས་ཤིང་ཡུལ་བབ་དང་བསྟུན་ཏེ་ཁྱད་ཆོས་བཟའ་བྱའི་ཤ་མོ་ཐོན་ལས་འཕེལ་རྒྱས་བཏང་ཡོད། ཞིང་པའི་ཡོང་འབབ་འཕར་བ་དམིགས་འབེན་དུ་བཟུང་སྟེ་མཐོ་སྒང་གི་ལུག་གྲོད་ཤ་མོ་སོགས་ཁྱད་ཆོས་མིས་བཟོས་བཟའ་བྱའི་ཤ་མོ་ཐོན་ལས་ཤུགས་ཆེན་སྤེལ་ཞིང་རྨང་གཞི་བརྟན་པོར་བྱུང་། སླད་ཕྱིན་རང་ཁུལ་གྱིས་མུ་མཐུད་དེ་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཡོང་བར་བྱ་རྒྱུ་རེད།།

( བདེ་ཆེན་དབང་མོ་དང་རྟ་མགྲིན་རྡོ་རྗེས་བྲིས།)