国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






མཁས་དབང་ཞེ་གཅིག་བརྒྱད་ཟིལ་རྫོང་དུ་འཛོམས་ནས་ཇའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུའི་སྐོར་ལ་བགྲོ་གླེང་བྱས།

5407_02B_20260324 ཇ་སྨོན་ཆོ་ག་སྤེལ་ཡུལ།

སྤྱི་ཟླ3ཚེས21ཉིན་གྱི་ཕྱི་དྲོར། “མཁའ་མཐའི་དག་ཞིང་། རྟེན་འབྲེལ་མཉམ་གནས”ཞེས་པའི་བརྒྱད་ཟིལ་དག་ཞིང་ཇའི་རིག་གནས་སྒྱུ་རྩལ་དུས་ཚིགས་སྐབས་དང་པོའི་བྱེད་སྒོ་གལ་ཆེན་ཞིག་དང་། ཀྲུང་གོ་བོད་ཇ་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི2026ལོའི་རིག་གཞུང་ལོ་ཚོགས་དང་གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཀྱིས་བརྒྱད་ཟིལ་ཇའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་བའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་ལ་འཚོགས་པ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཆེད་མཁས་པ41མཉམ་དུ་འཛོམས་ནས“གནའ་བོའི་ཇ་འདྲེན་བདལ་ལམ་རིག་གནས་ཀྱིས་བརྒྱད་ཟིལ་ཇའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་བའི”གཙོ་དོན་ལ་དམིགས་ནས་བརྒྱད་ཟིལ་ཇའི་ཐོན་ལས་འཕེལ་རྒྱས་ལ་ཐབས་འདོན་ཇུས་འདོན་བྱས་ཡོད།

བརྒྱད་ཟིལ་རྫོང་ནི་སི་ཁྲོན་ཞིང་ཆེན་གྱི་ནུབ་རྒྱུད་དང་། དཀར་མཛེས་ཁུལ་གྱི་ཤར་ལྷོའི་རྒྱུད། གཡག་རྔ་དང་ལིའང་ཧྲན། དཀར་མཛེས་བཅས་གྲོང་ཁྱེར་དང་ཁུལ་གསུམ་གྱི་འབྲེལ་མཚམས་སུ་གནས་ཤིང་། བོད་རིགས་དང་། རྒྱ་རིགས། དབྱིས་རིགས་བཅས་གཙོ་བོར་བྱས་པའི་མི་རིགས་མང་པོ་འདུས་སྡོད་ས་ཆ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཤར་ནུབ་ས་ཁུལ་ཕན་ཚུན་མཉམ་ལས་མཉམ་རོགས་བརྒྱུད་དེ་ཧང་ཀྲོའུ་གྲོང་ཁྱེར་ཞི་ཧུའུ་ཆུས་ཀྱིས་བརྒྱད་ཟིལ་རྫོང་གིས་ཇ་ལ་བརྟེན་ནས་སྤྲིན་རུམ་དག་ཞིངAAAརིམ་པའི་ལྗོངས་ཁུལ་བདེ་བླག་ངང་བསྐྲུན་པར་རོགས་རམ་བྱས་ཏེ། སྤྲིན་རུམ་དག་ཞིང་དང་རོང་པའི་ཇ་བཟོ་སོགས་མཚོན་པའི་བརྒྱད་ཟིལ་ཇའི་རིག་གནས་ཀྱི་མིང་བྱང་གྲུབ་པ་རེད།

ཚོགས་འདུའི་ཡུལ་དངོས་སུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་། སི་ཁྲོན་ཞིང་ལས་སློབ་ཆེན་ཀྲུང་གོ་བོད་ཇ་རིག་གནས་ཞིབ་འཇུག་ལྟེ་གནས། ཝུའུ་ཧན་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་དང་སློབ་གླིང་སོགས་ཀྱི་ཆེད་མཁས་པ་ཚོས་སྤེལ་རེས་དང་སྦྲགས་ཐབས་ཇུས་བཏོན་ཡོད། ཆུ་ཚོད་བཞིའི་རིང་གི་ཞིབ་བསྡུར་ཁྲོད་ཆེད་མཁས་པ་ཚོས་བརྒྱད་ཟིལ་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་དང་། ནུས་མང་རིན་ཐང་། སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་གྲོས་འགོར་དམིགས་ནས་ཆེད་དོན་གཏམ་བཤད་བྱས་པས་ཡུལ་དངོས་ཀྱི་ཁོར་ཡུག་བཟང་པོ་ཆགས་ཡོད།

སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཀྲུང་གོ་བོད་ཇ་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཏུའུ་ཚུན་ཧྥང་གིས་བརྒྱད་ཟིལ་ལ་ས་ཁམས་དང་། གནམ་གཤིས། ཇའི་སྤུས་ཚད། སྣ་མང་རིག་གནས། སྲོལ་རྒྱུན་ལག་རྩལ་སོགས་ཀྱི་ཕྱོགས་བསྡུས་ལེགས་ཆ་ལྡན་པས། གལ་ཏེ་མ་ལག་ཅན་གྱིས་དེའི་ལོ་རྒྱུས་དང་དེང་རབས་ཀྱི་རིན་ཐང་བསྔོག་ཐུབ་ན་རྒྱལ་ཡོངས་ཀྱི་ཇའི་ཐོན་ལས་ཁྲོད་མཐོ་སྒང་གི་མུ་ཏིག་ལྟ་བུ་ཞིག་འགྱུར་ཐུབ་ཤག་ཤག་རེད་ཅེས་བསྟན། མོས་བརྒྱད་ཟིལ་ཇའི་ཐོན་ལས་དེ་འཕེལ་རྒྱས་ལམ་བུ་ཁྱད་པར་ཅན་དུ་བསྐྱོད་དེ་རིག་གནས་བརྒྱུད་སྤེལ་དེ་འགག་རྩའི་དཀའ་གནད་སྒྲོལ་སར་བྱས་ནས་རིག་གཞུང་སྟོབས་ཤུགས་ལ་བརྟེན་ནས་གྲགས་རྟགས་བརྒྱུད་སྤེལ་ལ་བསྐུལ་དགོས་པ་དང་། ཆབས་ཅིག་ཏུ་འབུལ་ཇའི་ལོ་རྒྱུས་དང་། ཐུན་མོང་མ་ཡིན་པའི་སྐྱེ་ཁམས། སྲོལ་རྒྱུན་གྱི་བསྙལ་ཐེངས་གཉིས་པའི་ལག་རྩལ་བཅས་ལ་དམིགས་ཏེ་སྲོལ་རྒྱུན་ཇ་བཟོ་སྲུང་སྐྱོང་གི་རྨང་གཞིའི་ཐོག་སྐྱེ་ཁམས་ཚན་རྩལ་གྱི་ནུས་པར་བརྟེན་ནས་བཟོ་རྩལ་གསར་པ་བཏོད་དེ། ཐོན་ལས་འཕེལ་རྒྱས་ལ་རྒྱུན་མཐུད་ཀྱི་སྒུལ་ཤུགས་བསྣན་དགོས་པར་བཤད།

བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་ཆིན་ཞིའུ་ཀྲེན་གྱིས་ཆེད་མཁས་པ་ཚོའི་ཐབས་ཇུས་གསེར་ནག་མས་ང་ཚོར་བློ་ཤེས་བསྐྱེད་པར་ཕན་ཆེན་པོ་ཐོགས་སོང་། ད་སྔར་བརྒྱད་ཟིལ་ཇའི་ཐོན་ལས་ནི“ཐོན་ཁུངས་ཀྱི་ཁེ་སྨར”ནས“གྲགས་རྟགས་ཀྱི་ཁེ་སྨར”ཕྱོགས་སུ་སྒྱུར་བའི་འགག་རྩའི་དུས་ལ་སླེབས་ཡོད་པས། ཆེད་མཁས་ཚོའི་བསམ་འཆར་དང་གྲོས་འགོ་དེ་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་བའི་ཞིབ་ཕྲའི་བྱ་ཐབས་སུ་བསྒྱུར་དགོས་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུར་ཁྱོན་བསྡོམས་ཆེད་དོན་དཔྱད་རྩོམ30ལྷག་འབྱོར་བ་དང་། ཚོགས་འདུ་གྲོལ་རྗེས《བརྒྱད་ཟིལ་ཇའི་ཐོན་ལས་འཕེལ་རྒྱས་དང་གནའ་བོའི་ཇ་འདྲེན་བདལ་ལམ་གྱི་རིག་གཞུང་སྤེལ་རེས་དཔྱད་རྩོམ་ཕྱོགས་བསྒྲིགས》རྩོམ་སྒྲིག་པར་སྐྲུན་བྱས་ནས་རིག་གཞུང་ཞིབ་འཇུག་གི་གྲུབ་འབྲས་དེ་ཐོན་སྐྱེད་ནུས་ཤུགས་དངོས་སུ་བསྒྱུར་རྒྱུ་ཡིན་ཞིང་། སྒྱུ་རྩལ་དུས་ཚིགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་བསྟུན་ནས་བརྒྱད་ཟིལ་རྫོང་གིས་ཇའི་རིག་གནས་ལ་བརྟེན་ནས་སྙིང་སྟོབས་བསྐྱངས་ཏེ་ལོ་ངོ་སྟོང་གི་གནའ་བོའི་ཇ་ཤིང་དེ་ཡུལ་སྡེ་དར་རྒྱས་གཏོང་བ་དང་ཕྱུག་པོར་ཆགས་པའི་དཔག་བསམ་འཁྲི་ཤིང་ལ་སྒྱུར་བཞིན་ཡོད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)