( པར་ངོས་དང་པོར་མཐུད།)
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཕུག་ལམ་གཙོ་བོར་སྨི5781བསྐྲུན་ཟིན་ལ། ལས་གྲྭ་སྤྱིའི་བརྒྱ་ཆ68.7ལ་ཟིན་ཡོད། དེའི་ཁྲོད་འཛུལ་སྒོའི་སྨི3086བསྐྲུན་ཟིན་པ་དང་སྨི1789བསྐྲུན་མ་ཚར་བ་རེད། འབུད་སྒོའི་སྨི2695བསྐྲུན་ཟིན་པ་དང་སྨི845བསྐྲུན་མ་ཚར་བ་རེད། 2026ལོ་ནི་ལས་གཞི་འགག་སྒྲོལ་གྱི་ལོ་ཞིག་ཡིན་པས་འཛུགས་སྐྲུན་ཚོགས་པས་ཉེན་མེད་དང་སྤུས་ཚད་ཀྱི་མཐིལ་ཚད་ནན་པོ་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཨར་ལས་ཇུས་གཞི་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་། སྔོག་འདོན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་ཤུགས་ཡོད་རྒུས2027ལོའི་ལོ་མཇུག་ཏུ་བསྐྲུན་ཚར་རྒྱུའི་དམིགས་འབེན་ལ་འབད་བཞིན་ཡོད།ཁྲོན་བོད་གཞུང་ལམ་གྱི་འགག་རྩ་ལྟ་བུ་ཡིན་པའི་རྒྱུ་ལ་ནི་དུས་ཡུན་རིང་པོའི་ནང་ལམ་རྒྱུད་ཀྱི་འགྲོ་སྐྱོད་བདེ་མོ་ལ་ཚོད་འཛིན་ཐེབས་པའི་བུམ་འགག་ཅིག་རེད། རྒྱུ་ལ་ཕུག་ལམ་བསྐྲུན་ཐུབ་ན་ལོ་རྒྱུས་དེ་རྦད་དེ་བསྒྱུར་ཐུབ་རྒྱུ་རེད། ཕུག་ལམ་བསྐྲུན་རྗེས་སྐར་མ10ཙམ་ནང་ཕུག་ལམ་བརྒལ་ཐུབ་པས་མང་ཚོགས་ཀྱི་རྒྱུན་གཏན་གྱི་འགྲོ་སྐྱོད་དང་། དངོས་ཟོག་སྐྱེལ་འདྲེན། ཡུལ་སྐོར་བ་བོད་ལྗོངས་སུ་བསྐྱོད་པ་བཅས་གང་ཡིན་རུང་སྔར་བྱུང་མྱོང་མེད་པའི་སྟབས་བདེ་དང་། ཉེན་མེད། ནུས་ཆེ་བཅས་ཡོང་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགོ་འཛུགས་པའི་ལོའི་ཁྲོད་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭ་ཡིན་པའི་རྒྱུ་ལམ་ཕུག་ལམ་དེར་རླངས་འཁོར་ཤར་གཏོང་ཐུབ་རྗེས་དར་མདོ་དང་། ར་རྔ་ཁ། ལྷ་སྒང་རྩྭ་ཐང་སོགས་ཡུལ་སྐོར་གྱི་གནད་མཚམས་ཡག་པོ་སྦྲེལ་མཐུད་ཐུབ་ནས་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོར་གསོན་ཤུགས་སྣོན་ཞིང་། འགྲིམ་འགྲུལ་སྟབས་བདེ་བས་ཡུལ་སྐོར་བ་དེ་བས་མང་པོ་དཀར་མཛེས་ཁུལ་དུ་ཡུལ་སྐོར་སྤྲོ་གསེང་ཡོང་བར་འགུགས་ཤིང་། ལམ་རྒྱུད་ཀྱི་ཡུལ་མིའི་སྡོད་ཁང་དང་བཟའ་བཏུང་། ཁྱད་ཐོན་ཐོན་རྫས་ཕྱིར་ཚོང་སོགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ནས་བོད་འབྲེལ་ས་ཁུལ་གྱི་ཡུལ་སྡེ་དར་རྒྱས་ལ་སྒུལ་ཤུགས་ཆེན་པོ་སྣོན་ཐུབ་ངེས་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
