ཀྲུང་དབྱང་བརྙན་འཕྲིན་ཁང་གི2026ལོའི3·15དགོང་ཚོགས་སུ“འཛད་སྤྱོད་བློ་བདེ་བ་དང་འཚོ་བར་སྤུས་ཚད་ཡོད་པ”གཙོ་དོན་དུ་བྱས་ནས་བཟའ་བཅའ་ཉེན་མེད་དང་། སྤྱི་པའི་བདེ་འཇགས། དངུལ་རྩའི་བདེ་འཇགས། འགྲེམ་བརྡ་ཁྲོམ་ར་བཅས་གཙོས་པའི་དོ་ཁུར་ཁྱབ་ཁོངས་ལ་དམིགས་ཤིང་།“དཀར་འདག་བྱ་རྐང”ཐོན་སྐྱེད་འཁོར་ཁང་སོགས་འཛད་སྤྱོད་པའི་ཁེ་དབང་ལ་གནོད་པའི་དཔེ་མཚོན་གནད་དོན་ཁག་གཅིག་ཐེར་འདོན་བྱས་ཡོད།
ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་གནད་དོན་དེ་འཕྲལ་མར་དང་ལེན་བྱས་ནས་མགྱོགས་མྱུར་བཀའ་རྒྱ་བཏང་བ་དང་། ཁུལ་དང་རྫོང(གྲོང་ཁྱེར)ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དུས་གཅིག་ཏུ་བྱ་སྤྱོད་སྤེལ་ནས་དགོང་ཚོགས་སུ་བཏོན་པའི“དཀར་འདག་བྱ་རྐང”སོགས་གནད་དོན་དང་དེ་བཞིན་རིགས་གཅིག་བཟའ་བཅའི་ཉེན་མེད་ལ་དམིགས་ནས་ཁྱོན་ཡོངས་ཚགས་བཤེར་བྱས་ཏེ་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་འབྲེལ་བ་ཡོད་སྲིད་པའི་ཐོན་སྐྱེད་དང་། ཕྱིར་ཚོང་། བཟའ་བཏུང་སོགས་གནད་དོན་གཙོ་བོར་མགྱོགས་མྱུར་ཞིབ་དཔྱད་བྱས་ནས་གནད་དོན་སྔ་ཙམ་ཤེས་རྟོགས་དང་ཐག་གཅོད་སྔ་ཙམ། ཉེན་ཁ་སྔ་ཙམ་སྔོན་འགོག་ཚོད་འཛིན་བྱས་ཏེ་མང་ཚོགས་ཀྱི་འཛད་སྤྱོད་ཉེན་མེད་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། དཀར་མཛེས་ཁུལ་གྱིས་འཛད་སྤྱོད་ཁྲོམ་རའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ད་ཐེངས་ཀྱི་ཚགས་བཤེར་བཅོས་སྒྲིག་དེ་ཕྱུགས་རིགས་དང་ཁྱིམ་བྱའི་ཞོར་ལས་ཐོན་རྫས(སྤུ་གྲོད་དང་། བྱ་གག་གི་རྒྱུ་མ་སོགས)རིགས་གཙོ་བོ་ལ་དམིགས་པར་མ་ཟད། རྒྱ་ཁོག་དང་། ཚལ་ཚོང་ཁང་སོགས་བཟའ་བཏུང་ཞབས་ཞུའི་ཚན་པ་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར་དང་ཚོང་ལས་སྒོ་རྩིས་ཚོང་ཁང་སོགས་བཟའ་བཅའ་ཕྱིར་ཚོང་ཚན་པ། དེ་བཞིན་བཟའ་བཅའ་སྡེབ་ཚོང་འཁྱག་མཛོད་བཅས་སུ་ཞིབ་བཤེར་བྱས་ཡོད། ད་སྔའི་བར་ཁུལ་ཡོངས་སུ་རིམ་རྩིས་བྱས་ན་ཁྲིམས་འཛིན་མི་སྣ242བཏང་ནས་ཁོངས་གཏོགས་ཁུལ་གྱི་འབྲེལ་ཡོད་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ476ལ་ཚགས་བཤེར་བྱས་པ་རེད།།
(ཀུན་དགས་བསྒྱུར།)
