ལོ་གཅིག་གི་འཆར་གཞི་འགྲུབ་མིན་དཔྱིད་ཀར་ཐུབ་ཡོད། ཟླ་བ་གསུམ་པ་ནི་ཉག་རོང་རྫོང་དུ་ས་ཞིང་རྨོ་འདེབས་ཀྱི་དུས་སྐབས་ཡིན་ལ་རི་མཐོ་འབྲོག་ཁུལ་གྱི་ཕྱུགས་རིགས་དཔྱིད་བརྒལ་དཀའ་བའི་དཀའ་ཚེགས་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཀྱང་རེད། ཉིན་ཤས་བསྟུད་མར་ཞིང་ལས་ལག་རྩལ་རྐང་འཛིན་པ་ལས་གྲུབ་པའི་ཞབས་ཞུའི་རུ་ཁག་གྲོང་སྡེའི་ཞིང་ཁ་དང་འབྲོག་ཁུལ་གྱི་རྩྭ་རར་བསྐྱོད་དེ་ཕྱོགས་གཅིག་ནས་དཔྱིད་རྨོད་ལ་སྐུལ་བ་དང་ཕྱོགས་གཞན་ཞིག་ནས་ཕྱུགས་སྐྱོང་ལས་དོན་ཧུར་ཐག་སྤེལ་ཡོད།
ཞིང་ཁ་ལས་དོན་དེ་ད་ལོའི“སློབ་ཐུན་དང་པོར”གྱུར་ཡོད། རྫོང་ཞིང་ལས་ལག་རྩལ་ཞབས་ཞུ་རུ་ཁག་གི་རུ་མི་ཚོ་ཞིང་ཁར་བསྡད་ཅིང་ལག་ཏུ་ནས་ས་བོན་བཟུང་སྟེ་ཞིང་དུད་ལ་ས་བོན་འདེམས་སྟངས་འགྲེལ་བཤད་རྒྱག་པ་དང་། ལག་རྩལ་མི་སྣས་འགྲེལ་བཤད་རྒྱག་ཞོར་དཔེ་སྟོན་བྱས་ནས“ཚོད་ལྟ་ཁང་གི”སོན་བཟང་གསོ་སྤེལ་གྱི་ལས་འགན་དེ་ཞིང་ཁའི་དངོས་སྦྱོང་སློབ་ཚན་དུ་བསྒྱུར་ཡོད། ད་ལོ་ཉག་རོང་རྫོང་གིས་ནས་དང་ཞོག་ཁོག་སོགས་ལོ་ཏོག་གཙོ་བོར་དམིགས་ནས་སོན་བཟང་ཁྱབ་གདལ་གཏོང་བ་དང་ཡུལ་གྲོང་ཁག་ཏུ་གནད་ལ་འཁེལ་བའི་སྒོ་ནས་འདེབས་འཛུགས་བཀོད་སྒྲིག་བྱས་པར་བརྒྱུད་སོན་བཟང་གནས་དུས་འོས་འཚམ་དུ་འདེབས་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།
ཞབས་ཞུའི་རུ་ཁག་གིས་སོན་འདེབས་དང་ཆབས་ཅིག་ཞིང་ལས་རྒྱུ་ཆས་དོ་དམ་པ་དང་སྲིད་ཇུས་ལོ་ཙཱའི་འགན་ཡང་འཁུར་བཞིན་ཡོད། ཁོ་ཚོ་ཞིང་དུད་ཀྱི་ཁྱིམ་དུ་རྫས་ལུད་གསོག་འཇོག་འདང་ངེས་ཡོད་མེད་དང་ས་བོན་ལ་ཐུམ་རྒྱག་ཡོད་མེད་སོགས་ལྟ་བ་དང་ས་གཤིན་སྲུང་བའི་ཁ་གསབ་དང་ཞིང་ལས་ཉེན་སྐྱོབ་ཀྱི་སྲིད་ཇུས་གོ་བདེ་མོས་འགྲེལ་བཤད་བྱས།
ཕྱུགས་ཟོག་གི་གཟན་རྩྭ་མི་ཆད་པའི་ཆེད། ཉག་རོང་རྫོང་གིས་གཟན་རྩྭ་ཏུན244རྫོང་ཡོངས་ཀྱི་འབྲོག་ལས་ཁེར་གཙང་གྲོང་སྡེ19ལ་དབོར་ཡོད། ལྷ་རི་མ་གྲོང་རྡལ་དུ་གཟན་རྩབླུགས་པའི་ལྗིད་ཐེག་རླངས་འཁོར་ཐོན་མ་ཐག་ཡུལ་མི་ཚོས་གཟན་རྩྭ་དེ་དག་ནི་དུས་ཐོག་ཏུ་འབྱོར་བའི་སྲོག་སྐྱོབ་རྩྭ་རེད་ཅེས་བཤད།།
( ཀུན་དགས་བསྒྱུར།)
